ཁྲིམས་མཐུན་གྱི་གཉེན་འཕྲད་།  ཁྲིམས་འགལ་གྱི་བཙོན་འཇུག

      February 9, 2018:20 AM

རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན།མདོ་ཁམས་ཏྲེ་ཧོར་རྟའུ་རྫོང་ནས་ཡིན་པའི་དགེ་འདུན་པ་བཀྲིས་ཆོས་དབྱིངས་ལགས་སུ་རྒྱ་ནག་གཞུང་གིས་མི་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག དེ་ཡང་དགེ་འདུན་པ་བཀྲིས་ཆོས་དབྱིངས་ལགས་སྤྱི་ལོ་ ༢༠༡༦ ལོའི་ལོ་མཇུག་ཏུ་་ཕ་ཡུལ་དུ་གཉེན་འཕྲད་དུ་བསྐྱོད་ཡོད་པ་དང།  ཕ་ཡུལ་དུ་སླེབས་ནས་དུས་ཡུན་ཟླ་ངོ་གཅིག་ཙམ་སོང་རྗེས་སྤྱི་ལོ་༢༠༡༦ ལོའི་ཟླ་ ༡༡ ཚེས་ ༢༡ ཉིན་རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་དང།  ནང་མི་དང་འབྲེལ་ཡོད་མི་སྣས་མགྱོགས་མྱུར་གློད་བཀྲོལ་ཡོང་རྒྱུར་དམིགས་ནས་སྐབས་དུས་ཁྱབ་བསྒྲགས་སོགས་གང་ཡང་བྱས་མེད་ཀྱང་།  ཉི་མ་རིམ་སོང་གི་ཐོག་ནས་ཁོང་ས་གནས་གང་དུ་ཡོད་པ་དང་གང་ཞིག་བྱེད་ཀྱི་ཡོད་པ་སུས་ཀྱང་ཤེས་རྟོགས་མེད་པར་ལུས།  མཐར་ལོ་གཅིག་ཙམ་སོང་རྗེས་ཀྱི་སྤྱི་ལོ་ ༢༠༡༧ ལོའི་ལོ་མཇུག་ཏུ་མདར་རྩེ་མདོའི་བཙོན་ཁང་ནས་གློད་བཀྲོལ་བཏང་བའི་ཁོང་གི་བཙོན་རོགས་ཞིག་ལ་ཁོ་པ་མདར་རྩེ་མདོའི་བཙོན་ཁང་ཡོད་པའི་ལན་བསྐུར་ཡོད་པར་བརྟེན།  ཁོང་གི་ནང་མི་ཚོས་གཞི་ནས་ཁོང་མདར་རྩེ་མདོའི་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པ་ཤེས་རྟོགས་བྱུང།  དེ་རྗེས་སྤྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༡ ཉིན་ཁོང་ལ་རྒྱ་གཞུང་གིས་མི་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་ཞིག་འབྲེལ་ཡོད་རྒྱུད་ནས་ཤེས་རྟོགས་བྱུང་ཡོད།

གནས་ཚུལ་འདིར་དབྱེ་ཞིབ་ཞིག་བྱས་ན།  རྒྱ་ནག་གཞུང་གིས་བཀྲིས་ཆོས་དབྱིངས་ལགས་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་གནས་ལུགས་གང་ཡང་གསལ་བཤད་མ་བྱས་པར།  རི་བོང་བྱ་བླག་གིས་བཟུང་བ་ལྟར་ཁྲིམས་འགལ་གྱིས་འཇུ་བཟུང་བྱས་པ་མ་ཟད། ཁོང་འཇུ་བཟུང་བྱས་རྗེས་ས་གནས་གང་དུ་བཀག་ཉར་བྱས་ཡོད་པ་དང་།  གང་ཞིག་བྱེད་ཀྱི་ཡོད་པ་སོགས་ཁོང་གི་ནང་མིར་གསལ་བཤད་བྱས་མེད་ཅིང།  མཐར་ལོ་གཅིག་ཙམ་སོང་རྗེས་སྔར་བཞིན་ནང་མིར་གནས་ལུགས་རྒྱུ་མཚན་གསལ་བཤད་དང་། ཁྲིམས་ལུགས་ཀྱི་གོ་རིམ་སོགས་གང་ཡང་མ་རྒྱུད་པར་མི་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད།  མདོར་ན། ཁོང་ཐོག་མར་འཇུ་བཟུང་བྱས་པ་དང།  བར་དུ་བཀག་ཉར་བྱས་པ།  མཐའ་མ་མི་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་མ་བཅད་པའི་བར་གྱི་དུས་རིམ་དེའི་ནང་ཁོང་གིས་དྲང་བདེན་གྱི་གནས་ལུགས་འགྲེལ་བརྗོད་བྱ་སའི་རང་དབང་ཅན་གྱི་ཁྲིམས་ཁང་ནང་ཁྲིམས་རྩོད་པ་གླས་ནས་བདེན་པ་དག་སྐྱེལ་བྱ་རྒྱུའི་རང་དབང་ལྟ་ཅི། ཐ་ན་གསལ་བཤད་ཙམ་ཡང་བྱེད་དབང་བྱུང་མེད་པ་གསལ་པོ་རེད།   མ་ཟད་བཀྲིས་ཆོས་དབྱིངས་ལགས་ནི་རྒྱ་ནག་གཞུང་ཚབ་ཁང་གིས་ཁྲིམས་མཐུན་གྱི་ལམ་ཡིག་སྤྲད་ནས་ཕ་ཡུལ་དུ་གཉེན་འཕྲད་དུ་བསྐྱོད་པ་ཞིག་ཡིན་པར་བརྟེན།  རྒྱ་ནག་གཞུང་གི་སྲིད་ཇུས་དང་ཁྲིམས་ལུགས་ཀྱི་འགྲོ་ལུགས་ཐོག་ནས་བལྟས་ན།  གཉེན་འཕྲད་ཀྱི་ལམ་ཡིག་སྤྲོད་ཡུལ་གྱི་གང་ཟག་དེ་ནི་བདེ་འཇགས་ལྡན་པའི་ཐོག་ནས་གཉེན་འཕྲད་དུ་འགྲོ་བསྐྱོད་ཆོག་པར་ངོས་ལེན་བྱས་པ་ཞིག་ཡིན་པ་མ་ཟད།  གང་ཟག་དེ་རྒྱ་ནག་གི་ས་འཚམས་འཛུལ་ནས་ཕྱིར་ལོག་མ་བྱས་པའི་བར་གྱི་དུས་ཚོད་དེའི་ནང་རྐྱེན་ངན་གོད་ཆགས་དང་དཀའ་ངལ་གང་ཞིག་བྱུང་ཡང་རྒྱ་ནག་གཞུང་གིས་འབྲེལ་ཡོད་ཚན་པས་ཁོང་གི་བདེ་འཇགས་ལ་འགན་ལེན་དགོས་པ་མ་ཟད།  ཐ་ན་མཁར་དབང་རྒྱུ་ནོར་སོགས་ལའང་ཁྲིམས་ཐོག་ནས་འགན་སྲུང་བྱེད་དགོས་ཀྱི་ཡོད།   ཡིན་ནའང།  བཀྲིས་ཆོས་དབྱིངས་ལགས་འཇུ་བཟུང་བྱས་པ་དང།  མཐར་མི་ལོ་དྲུག་གི་ཁྲིམས་ཐག་བཅད་པའི་དོན་དངོས་ཀྱི་གནས་ཚུལ་འདིའི་ཐོག་ནས་བལྟས་ན།  རྒྱ་གཞུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྡོད་བྱས་པའི་བོད་མི་རྣམས་རང་ཡུལ་དུ་གཉེན་འཕྲད་འགྲོ་བསྐྱོད་ཆོག་པའི་ལམ་ཡིག་སྤྲད་ཀྱང།  དེར་བདེ་འཇགས་ཇི་ཙམ་ཡོད་མེད་བཀྲིས་ཆོས་དབྱིངས་ཀྱི་གནས་ཚུལ་ལས་གསལ་པོ་རྟོགས་ཐུབ།

བཀྲིས་ཆོས་དབྱིངས་ལགས་ནི་སྤྱི་ལོ་ ༡༩༨༡ ལོར་བོད་མདོ་ཁམས་ཏྲེ་ཧོར་རྟའུ་རུ་སྐྱེས་པ་དང།  ཕ་ཡི་མིང་ལ་རྡོ་རྗེ་ཚེ་རིང་དང་མ་ཡི་མིང་ལ་དཔལ་མོ་ཟེར་ཞིང།ཕ་མི་གཅིག་པའི་བུ་བདུན་དང་བོུ་གཉིས་ཡོད་པའི་ནང་ནས་ཆུང་ཤོས་དེ་ཡིན་པ་དང།བོད་དུ་བཞུགས་སྐབས་གཞི་དགོན་རྟའུ་ཉ་མཚོ་དགོན་དུ་ཆོས་བཞུགས་གནང་བ་དང།  དེ་རྗེས་སྤྱི་ལོ་ ༡༩༩༨ ལོར་རྒྱ་གར་དུ་ཕེབས་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྒྲིག་ཁོངས་སུ་བཞུགས་པ་དང།གཞུང་ཆེན་བཀའ་པོད་ལྔ་ལ་ལེགས་པར་སྦྱངས་ཏེ་དགེ་ཤེས་ལྷ་རམ་པའི་དམ་བཅའ་འཇོག་གནང་གིས་ཕུལ་བྱུང་གི་གྲུབ་འབྲས་བླངས།ཁོང་ནི་དུས་རྒྱུན་དུ་གཤིས་རྒྱུད་བཟང་ཞིང་རང་གཤིས་དྲང་ལ།བྱམས་སེམས་ཅན་ཞིག་ཀྱང་རེད།

Leave a Reply

Your email address will not be published. Required fields are marked *