གྱོད་དོན་ཁྲི་དང་མི་གྲངས་འབུམ་ཕྲག་ལ་ཁྲིམས་ཆད་བཅད་པ།

      January 19, 2018:45 AM

དེ་རིང་སྤྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༩ ཉིན་རྒྱ་ནག་གཞུང་འབྲེལ་གྱི་རྒྱུད་ལམ་ཁག་གི་ནང་ཁྱབ་བསྒྲགས་བྱས་པར་གཞིགས་ན། འདས་མ་ཐག་སྤྱི་ལོ་༢༠༡༧ ལོའི་ནང་རྒྱ་ནག་རྒྱལ་ཡོངས་སུ་ཞིང་ཅིང་ཕིང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་རིགས་འདྲ་མིན་གྱི་ཐོག་ནས་སྒྲིག་འགལ་ཁྲིམས་འགལ་བྱེད་མཁན་དང་། ལྐོག་རྔན་སྤྲོད་ལེན། ལྐོག་ཟ་རུལ་སུངས། སྤྱི་རྒྱུ་སྒེར་གཅོད་དང་འབྲེལ་བའི་གྱོད་གཞི་གྲངས་ ༥༡༠༠༨ ཐག་གཅོད་བྱས་པའི་གནས་ཚུལ་སྤེལ་འདུག དེ་ཡང་འདས་མ་ཐག་པའི་སྤྱི་ལོ་ ༢༠༡༧ ལོར་རྒྱ་ནག་རྒྱལ་ཡོངས་སུ་སྒྲིག་འགལ་ཁྲིམས་འགལ་གྱི་དོན་ ༥༡༠༠༨ ཐག་གཅོད་བྱས་ཏེ། མི་གྲངས་ ༧༡༦༤༤ ལ་ཐག་གཅོད་བྱས་ཡོད་པ་དང། མི་གྲངས་ ༥༠༠༦༩ ལ་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ། དབུས་སྒྲིག་བཤེར་ཁང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ ༣༡ དང། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ ༡༣༩ དང། ཀྲུང་དབྱང་གི་ཁེ་ལས་༩༨ དང། དངུལ་རྩའི་ཁེ་ལས་ ༡༥ སོགས་སུ་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་ཚུལ་གྱི་ཟླ་རེའི་སྙན་ཞུའི་ལམ་ལུགས་བཙུགས་ཡོད་པ་རེད།

སྤྱི་ལོ་ ༢༠༡༧ ལོར་སྒྲིག་འགལ་ངང་ཕོག་སྣོ་དང་ཁ་གསབ་སྤྲད་པའི་གནད་དོན་ ༡༢༦༣༦ དང། སྒྲིག་འགལ་ངང་འབུལ་རྟེན་སྤྲད་པའི་གནད་དོན་ ༩༥༩༡ ། སྒྲིག་འགལ་ངང་གཞུང་འཁོར་བེད་སྤྱོད་བྱས་པའི་གནད་དོན་ ༩༠༨༧ ། སྒྲིག་འགལ་ངང་གཞུང་དངུལ་བཏང་ནས་བཟའ་བཏུང་བྱས་པའི་གནད་དོན་ ༦༥༠༤ ། བག་མ་བསུ་ལེན་དང་གཤིན་པོའི་དུར་མཆོད་རྒྱས་བཤོམ་བྱས་པའི་གནད་དོན་ ༥༨༣༨ །ཚད་གཞི་ལས་བརྒལ་བའི་སྣེ་ལེན་བྱེད་པ་དང། གཞུང་དངུལ་བཏང་ནས་རོལ་རྩེད་ཀྱི་བྱ་བར་བཞུགས་པ། སྒྲིག་འགལ་གྱི་ཐོག་ནས་སྒེར་གྱི་འདུ་གནས་དང་འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་དུ་བསྐྱོད་པའི་གནད་དོན་༣༢༢༢ ། གཞུང་དངུལ་བཏང་ནས་རྒྱལ་ནང་དུ་ཡུལ་སྐོར་ལ་བསྐྱོད་པའི་གནད་དོན་ ༢༥༠༧ ། སྒྲིག་འགལ་གྱི་ཐོག་ནས་ཐོགས་བརྩེགས་ཁང་ཆེན་དང།ཚོམས་ཆེན། སྣེ་ལེན་ཁང། རོལ་རྩེད་ཁང་སོགས་རྒྱ་སྐྲུན་བྱས་པའི་གནད་དོན་ ༡༤༥༦ །གཞུང་དངུལ་བཏང་ནས་ཕྱི་རྒྱལ་ལ་ཡུལ་སྐོར་དུ་བསྐྱོད་པའི་གནད་དོན་༡༦༧ བཅས་ཞིབ་བཤེར་ཐག་གཅོད་བྱས་ཡོད།

Leave a Reply

Your email address will not be published. Required fields are marked *