ངོ་སྤྲོད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོ་སྤྲོད་སྙིང་བསྡུས།
guchusum
༄༅། །བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྙིང་སྟོབས་ཆེན་པོས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་ཁྲོད། རྒྱ་ནག་གུང་ཁྲན་ཏང་གི་བཙོན་ཁང་དུ་བཞུགས་དགོས་བྱུང་བའི་བཙོན་ཟུར་བ་གཙོ་བོར་གྱུར་པའི་ཆབ་སྲིད་ཉེན་གཡོལ་ལ་ཕེབས་པའི་རྒྱལ་གཅེས་པ་དག་གིས་ཆབ་སྲིད་ཀྱི་ལྟ་བ་དང་། དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་དེ་ཉིད་མངོན་འགྱུར་ཡོང་ཆེད་སྒྲིག་འཛུགས་ཤིག་དགོས་གལ་དུ་མཐོང་ནས་བསམ་གྲོས་ལན་མང་དང་། སྔོན་འགྲོའི་གྲ་སྒྲིག་འོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཞེས་པའི་ཆབ་སྲིད་བཙོན་ཟུར་གཙོ་བོར་གྱུར་པའི་མི་སྣ་ལས་གྲུབ་པའི་ཚོགས་པ་འདི། སྤྱི་ལོ་ ༡༩༩༡ ལོའི་ཟླ་བ་ ༩ ཚེས་ ༢༧ ཉིན་བཞུགས་སྒར་དྷ་རམ་ས་ལར་དངོས་སུ་དབུ་བརྙེས་ཤིང་། སྤྱི་ལོ་ ༡༩༩༣ ལོའི་ཟླ་བ་ ༨ ཚེས་ ༡༩ ཉིན་རང་གཞུང་ནས་ཁྲིམས་མཐུན་ཚོགས་པར་ངོས་འཛིན་གནང་བ་དང་། སྤྱི་ལོ་ ༡༩༩༧ ལོའི་ཟླ་བ་ ༥ ཚེས་ ༡༩ ཉིན་གནས་ཡུལ་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།
ཚོགས་པའི་མིང་དང་འགྲེལ་བཤད།
བོད་ཀྱི་ཆབ་སྲིད་བཙོན་ཟུར་གཙོ་པོར་གྱུར་པའི་ཚོགས་པ་འདི་ཡི་མིང་ལ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཞེས་བཏགས་ཡོད། མིང་དེ་ལྟར་འདོགས་དགོས་དོན་ནི། བོད་ཅེས་པའི་ཐ་སྙད་འདིས་ཆོལ་ཁ་དང་། ཆོས་ལུགས། ལུང་ཚན་སོགས་རིས་སུ་མ་ཕྱེ་བའི་བོད་གངས་ཅན་པ་ཞིག་ཏུ་གོ་བ་དང་། དགུ་བཅུ་གསུམ་ནི། དགུ་པའི་ཉེར་བདུན་དང་། བཅུ་པའི་ཚེས་གཅིག གསུམ་པའི་ཚེས་ལྔ་བཅས་གལ་ཆེའི་དུས་ཚེས་གསུམ་གྱི་མིང་ཟུར་ཡིན་ཞིང་། དེ་ཡང་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལེའུ་གསར་པ་ཞིག་སྟེ་སྤྱི་ལོ་ ༡༩༨༧ ལོའི་ཟླ་བ་ ༩ ཚེས་ ༢༧ ཉིན་ནས་བཟུང་ཟླ་བ་ ༡༠ ཚེས་ ༡ དང་སྤྱི་ལོ་ ༡༩༨༨ ལོའི་ཟླ་བ་ ༣ ཚེས་ ༥ སོ་སོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་བྱས་པའི་བོད་ས་ཁྱོན་ཡོངས་ལ་རྒྱ་ནག་དམར་ པོའི་དབང་བསྒྱུར་འོག་འཚར་ལོངས་བྱུང་བའི་གཞོན་སྐྱེས་མི་རབས་གསར་པ་སྐོར་ཞིག་གིས་སྣེ་འཁྲིད་པའི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ཞི་རྒོལ་ཁྲོམ་སྐོར་གཅིག་མཇུག་ གཉིས་གཉིས་མཐུད་བྱས་པ་དེའི་དྲན་གསོ་རྗེས་འཐུད་ཀྱི་ཆེད་གོང་གསལ་འགོ་འཛུགས་དུས་ཚེས་གསུམ་གྱི་མིང་ཟུར་ལས་དྲངས་ཏེ་དགུ་བཅུ་གསུམ་ཞེས་ལོ་རྒྱུས་ཀྱི་དོན་ སྙིང་ལྡན་པའི་མིང་དེ་ལྟར་བཏགས་པ་ཙམ་ཡིན་པ་ལས། བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་དེ་གསུམ་གྱིས་ཁྱབ་པ་བཅས་པ་དང་། ཚོགས་པ་འདིའི་ཚོགས་མི་ཞིག་ཡིན་ཕྱིན་གོང་གི་དུས་ཚེས་དེ་གསུམ་ཁོ་ནར་བྱུང་བའི་རྒྱལ་གཅེས་པ་ཞིག་ཡིན་དགོས་པའི་ཁྱབ་པ་བཅས་པ་ཞིག་མིན། ལས་འགུལ་ཞེས་པ་ནི་འདས་པ་དང་། ད་ལྟ། མ་འོངས་པར་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་སྤེལ་བ་ཚང་མར་གོ་གི་ཡོད། ཚོགས་པ་ཞེས་པ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། གནས་ཡུལ་རྒྱ་གར་གཞུང་གིས་ཆོག་མཆན་དང་ངོས་ལེན་ཡོད་པའི་སྒོ་ནས་ཁྲིམས་དང་ སྒྲིག་གཞི་ཅན་གྱི་འདུ་སྡོད་བྱས་པའི་མི་སྣ་ལས་གྲུབ་འདུ་ཚོགས་ཤིག་ཡིན་པས་དེ་ ལྟར་བརྗོད་པ་ཡིན། མདོར་ན་རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་ལ་དངོས་སུ་གདོང་གཏད་དེ་བོད་རང་དབང་ སླར་གསོ་ཆུད་ཐབས་ཀྱི་དམིགས་ཡུལ་གཅིག་གྱུར་དང་། ལྟ་བ་གཅིག་གྱུར། ནུས་པ་གཅིག་ཏུ་སྤུངས་མྱོང་བའི་མི་སྣ་ལས་གྲུབ་པའི་སྒྲིག་འཛུགས་ཤིག་ལ་བོད་ ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཞེས་བརྗོད་པ་ཡིན།

ཚོགས་པའི་དམིགས་ཡུལ།
ཀ༽
༡༽ ཆབ་སྲིད་བཙོན་གྲོལ་བ་རྣམས་རང་ཚུགས་ཐུབ་པའི་སྒོ་ནས་མཉམ་རུབ་གཅིག་སྒྲིལ་བྱ་རྒྱུ།
༢ ༽ མཉམ་རུབ་གཅིག་སྒྲིལ་གྱི་ཚོགས་པ་འདིས་བོད་ཀྱི་བླ་ན་མ་མཆིས་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་ཀྱི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་ནང་མུ་མཐུད་ནུས་ཤུགས་འདོན་རྒྱུ།
༣༽ བོད་ནང་གི་བཙན་གནོན་གདུག་རྩུབ་དང་། ཡ་ང་བའི་གནས་སྟངས། ཆབ་སྲིད་བཙོན་པའི་སྙིང་སྟོབས་དང་། ཪེ་འབོད། བདེ་སྡུག་རྣམས་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་བྱ་རྒྱུ།
༤༽ བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་རོགས་གནང་མཁན་རྒྱལ་སྤྱིའི་ཚོགས་སྡེ་དང་། མི་སྒེར་བཅས་སུ་འབྲེལ་བ་བྱས་ནས་བོད་དོན་ཐོག་སྔར་བས་རྒྱབ་འབྱུང་ཐབས་བྱ་རྒྱུ།
ཁ༽
༡༽ ཆབ་སྲིད་བཙོན་པའི་ལོ་རྒྱུས་དང་། མིང་གཞུང་འཚོལ་བསྡུ།
༢༽ བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བཙན་འོག་གི་ལོ་རྒྱུས་ཉམས་ཞིབ།
༣༽ ཆབ་སྲིད་བཙོན་པ་འདས་གྲོངས་སུ་གྱུར་པ་རྣམས་ལ་དྲན་གསོ་དང་། ཁོང་རྣམ་པའི་ལོ་རྒྱུས་དེབ་ཐེར་ཐོག་འགོད་ཐབས།
༤༽ བཙན་རྒོལ་རྒྱལ་སྐྱོབ་ཀྱི་དཔའ་བོ་དཔའ་མོ་འདས་གསོན་གཉིས་ཀྱི་ལོ་རྒྱུས་འཚོལ་བསྡུ་དང་རྩོམ་སྒྲིག་བྱ་རྒྱུ།
༥༽ ཆབ་སྲིད་བཙོན་པ་ཡིན་པའི་བདེན་དཔང་དང་། འོས་སྦྱོར་རྒྱབ་གཉེར་འབུལ་རྒྱུ།
༦༽ གསར་དུ་ཕེབས་པའི་ཆབ་སྲིད་བཙོན་པར་སྣེ་ལེན་ཞུ་རྒྱུ།
༧༽ མནར་གཅོད་ཕོག་པའི་ཆབ་སྲིད་བཙོན་པར་སྨན་བཅོས་ནད་གསོའི་མཐུན་འགྱུར་གང་ཐུབ་འབུལ་རྒྱུ།
༨ ༽ ཆབ་སྲིད་བཙོན་ཟུར་དང་། བཙན་རྒོལ་རྒྱལ་སྐྱོབ་ལས་འགུལ་ནང་གི་འབྲེལ་ཡོད་སོགས་སྐྱིད་སྡུག་མཉམ་མྱོང་ཅན་གྱི་དཀའ་ངལ་འཕྲད་རིགས་ལ་རོགས་རམ་གང་ཐུབ་ཞུ་རྒྱུ་བཅས་ཡིན།
གོང་གསལ་དམིགས་ཡུལ་དང་ལས་གཞི་རྣམས་གལ་ཆེན་པོ་ཞེ་གཅིག་ཡིན་སྟབས་འདི་དག་སྒྲུབ་པར་ད་བར་དཀའ་ངལ་ཆེ་ཆུང་སྣ་ཚོགས་ཤིག་ལ་གདོང་ལེན་གྱིས་མདུན་བསྐྱོད་ཞུས་པ་ལས་ད་བར་ གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་ཡོད། ད་ཆ་ཉམས་མྱོང་རིམ་བསགས་དང་། མཐུན་རྐྱེན་སོགས་སྔར་བས་ཡར་རྒྱས་ཚགས་ཚུད་དུ་འགྲོ་བཞིན་ཡོད་སྟབས་གོང་གསལ་ དམིགས་དོན་ཁག་ཡོངས་སུ་ལེགས་སྒྲུབ་ཡོང་བའི་འབད་བརྩོན་རྒྱུན་མཐུད་ཞུ་འཆར་ཡིན།

ཚོགས་པའི་གྲུབ་ཆ།
ཚོགས་ པ་འདིའི་གྲུབ་ཆ་ནི་གོང་དུ་གསལ་བ་ལྟར་མི་རིགས་ཤིག་གི་རང་དབང་སླར་གསོའི་སླད་ རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་ལ་དངོས་སུ་གདོང་གཏད་ནས་འཐབ་རྩོད་གནང་མཁན་ གྱི་མི་སྣ་དང་དེའི་ནང་མི་ལས་ལས་གྲུབ་པ་ཡིན།

ཚོགས་པའི་ལས་འགན།
ཚོགས་པ་འདིའི་ལས་འགན་ནི་སྒྲིག་གཞི་ནང་གསལ་བོད་མི་མང་གིས་མང་མོས་ཐག་གཅོད་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཐོག་ཤར་བསྐྱོད་ཀྱིས་གོང་དུ་གསལ་བའི་ ཚོགས་པའི་དམིགས་ཡུལ་རྣམས་ཇི་སྲིད་ཡོངས་སུ་ལེགས་འགྲུབ་མ་བྱུང་བར་དེ་སྲིད་དུ་ ཐབས་ཤེས་ཡོད་རྒུས་རྒྱུན་སྐྱོང་འབད་བརྩོན་ཞུ་རྒྱུ་དེ་ཡིན།

ཚོགས་པའི་ཚོགས་ཆེནདང་། རྒྱུན་ལས།
ལོ་གསུམ་རེའི་མཚམས་སུ་ཚོགས་པའི་ཚོགས་ཆེན་ཐེངས་རེ་ཚོགས་དགོས་ཤིང་། ཚོགས་ཆེན་དེའི་ལས་འགན་ནི་འདས་པའི་ལོ་གསུམ་གྱི་ནང་ཚོགས་ཆེན་གྱི་གྲོས་ཆོད་ལམ་ སྟོན་ལྟར་རྒྱུན་ལས་རྣམ་པས་ལས་དོན་ལེགས་གྲུབ་ཇི་ཆགས་ལ་ཞིབ་འཇུག་དང་། ལོ་གསུམ་གྱི་ཚོགས་པའི་རྩིས་ཁྲར་ཞིབ་འཇུག གཞན་ཡང་མ་འོངས་པའི་ལོ་གསུམ་གྱི་ལས་དོན་ཞུ་ཕྱོགས་ཐད་ལམ་སྟོན་གྲོས་ཆོད་གསར་ པ་འཇོགས་རྒྱུ་དང་། ཚོགས་པའི་སྒྲིག་གཞིར་བསྐྱར་བཅོས་ཇི་དགོས་ཞུ་རྒྱུ། རྒྱུན་ལས་གསར་པ་མང་མོས་འོས་འདེམས་བཅས་བྱེད་དགོས་ཀྱི་ཡོད། ད་ཡོད་སྒྲིག་གཞི་ལྟར་ན་རྒྱུན་ལས་མི་གྲངས་བཅོ་ལྔ་ཡིན། ཚོགས་འདིའི་རྒྱུན་ལས་རྙིང་པ་འཕོས་པའི་ཚབ་ཏུ་རྒྱུན་ལས་གསར་པ་རྣམ་པས་ལོ་གསུམ་ གྱི་ཚོགས་པའི་སྒྲིག་དོན་དང་། འཛིན་སྐྱོང་སྒྲིག་དོན་ཁག་ལ་བརྩི་བཀུར་དང་ལས་དོན་ཆེ་ཁྲ་་ཁག་ལ་ལྷག་བསམ་གཡོ་བ་ མེད་པའི་འབད་བརྩོན་མཉམ་རུབ་ཞུ་རྒྱུའི་ཁས་ལེན་དམ་བཅའ་ཞུ་དགོས་ཀྱི་ཡོད། རྒྱུན་གཏན་ལས་ཁུངས་ནང་ལས་དོན་གྱི་གཞི་རྒྱ་དཔག་པའི་གཏན་འཇགས་རྒྱུན་ལས་མི་ གྲངས་ཇི་དགོས་གཏན་འབེབས་བྱས་ནས། དེ་བྱིངས་རྒྱུན་ལས་རྣམས་ཕྱོགས་བཞུགས་རྒྱུན་ལས་ཀྱི་ངོ་བོར་བཞུགས་ཀྱི་ཡོད་ ཅིང་།
གཏན་འཇགས་རྒྱུན་ལས་རྣམས་ཀྱིས་རྒྱུན་གཏན་ལས་ཁུངས་དང་། ཚེམ་ལས་ཁང་། ཚོང་ཁང་། སློབ་གྲྭ་བཅས་ཀྱི་ཉིན་རེའི་ལས་དོན་ལ་སྟངས་འཛིན་དང་ཚོགས་ཆེན་ཐོག་གྲོས་ཆོད་ ལམ་སྟོན་གང་གནང་ལག་ལེན་འགེལ་དགོས་པ་ཕུད། ཛ་དྲག་སྐབས་ཕྲལ་གྱིས་བསྒྲགས་གཏམ་སྤེལ་བ་སོགས་ཀྱི་ལས་དོན་རྣམས་ཚོགས་པ་རང་ ངོས་ནས་དང་ཚོགས་པ་གཞན་དང་མཉམ་འབྲེལ་གྱིས་དམིགས་བསལ་འཆར་འཕར་ལས་འགུལ་སོགས་ སྤེལ་དགོས་པ་ཡིན།

ཚོགས་པའི་ཚོགས་མི།
ཚོགས་པ་འདིར་ད་ཡོད་ཚོགས་མི་ཁ་གྲངས་དྲུག་བརྒྱ་ཉི་ཤུ་ལྷག་ཙམ་ཞིག་ཡོད་ཅིང་། དེ་དག་གི་གནས་ཡུལ་ནི་རྒྱ་གར་གཙོ་བོར་གྱུར་པའི་
བལ་ཡུལ་དང། ཡུ་རོབ། ཨ་རི། ཁེ་ན་ཊ། ཨོ་སི་ཁྲུའུ་ལི་ཡ་སོགས་རྒྱལ་ཁབ་བཅུ་གྲངས་ཤིག་ནང་གནས་སྡོད་བྱེད་ཀྱི་ཡོད།

ཚོགས་པའི་འཛིན་སྐྱོང་།
ཚོགས་ པ་འདིའི་འཛིན་སྐྱོང་འོག་ཡོག་ཡིག་ཚང་དང་། འཚེམ་ཁང་། སློབ་གྲྭ ཚོང་ཁང་བཅས་ལས་གྲུབ་ཡོད་ཅིང་། ཡིག་ཚང་ནང་ལས་དོན་གྱི་ངོ་བོ་ལ་གཞིགས་པས་རྒྱུན་ལས་དང་དགོས་ངེས་ཀྱི་ཆེད་ལས་ ལས་བྱེད་བཅས་ལས་གྲུབ་ཡོད། ཚེམ་ཁང་ནི་ཐོག་མའི་དམིགས་ཡུལ་ལྟར་བཙན་རྒོལ་རྒྱལ་སྐྱོབ་ནང་ཞུགས་མྱོང་བའི་ རྒྱལ་གཅེས་ལྷག་བསམ་ཅན་གྱི་མི་སྣ་དག་དགོས་དབང་གིས་བཙན་བྱོལ་དུ་འབྱོར་བའི་ རིགས་ལ་མ་འོངས་འཚོ་རྟེན་ཆེད་བཙུགས་པའི་ཚེམ་ལས་ཀྱི་ལག་ཤེས་སྦྱོང་བརྡར་ཁང་ ཞིག་ཡིན་ཞིང་། ད་ཡོད་ཚེམ་ལས་པ་གྲངས་ཉི་ཤུ་ཙམ་ཞིག་ཡོད་པ་དང་། སློབ་གྲྭ་འདི་ཡང་ཐོག་མའི་དམིགས་ཡུལ་ལྟར་བཙན་རྒོལ་རྒྱལ་སྐྱོབ་ནང་ཞུགས་མྱོང་ བའི་རྒྱལ་གཅེས་ལྷག་བསམ་ཅན་གྱི་མི་སྣ་དག་དགོས་དབང་གིས་བཙན་བྱོལ་དུ་འབྱོར་ བའི་རིགས་ལ་དམིགས་པ་ཞིགཡིན་ཞིང་། ད་བར་སྐབས་བཅུ་གསུམ་བར་སློབ་ཐོན་ཟིན་ཅིང་ད་ལྟ་འགྲོ་བཞིན་པའི་སྐབས་བཅུ་བཞི་ པར་སློབ་མ་གྲངས་བཅོ་ལྔ་ཙམ་གྱིས་བོད་ཀྱི་སྐད་ཡིག་དང་། དབྱིན་ཇིའི་སྐད་ཡིག གློག་ཀླད་ཤེས་བྱ་སོགས་ལ་སློབ་གཉེར་གནང་མུས་ཡིན།