ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་བར་མྱང་ངན་ཞུ།

      October 2, 2018:30 AM

གསར་འགྱུར་རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན། མདོ་སྨད་རྨ་ཆུ་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དཔལ་ལྡན་ལགས་ཡུན་རིང་ནད་མནར་གྱིས་རྐྱེན་པས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག   དེ་ཡང་གཞོན་ནུ་དཔལ་ལྡན་ལགས་ནི་སྤྱི་ལོ་ ༢༠༡༢ ཟླ་༦ ཚེས་ ༡༨ ཉིན་ཞིག་ཡུལ་ཚོའི་ཇ་ཁང་ཞིག་ཏུ་ཡོད་སྐབས་རྒྱ་གཞུང་འབྲེལ་ཡོད་ཚན་པས་རླང་འཁོར་བཞི་ལྔ་ཙམ་འཁྲིད་ནས་གཞོན་ནུ་དཔལ་ལྡན་ལགས་གནས་དེ་ནས་འཇུ་བཟུང་བྱས་པ་དང།  དེ་ཉིན་ཁོང་གི་དགའ་ཉེ་དང་ནང་མི་སོགས་ཀྱིས་ཁོང་འཇུ་བཟུང་གིས་རྫོང་ཐོག་ཏུ་འཁྲིད་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཅི་ཡང་ཤེས་རྟོགས་བྱུང་མེད་ལ།  རྒྱ་གཞུང་འབྲེལ་ཡོད་ཚན་པས་ཀྱང་ཁོང་གི་ནང་མིར་བརྡ་ཐོ་སོགས་གང་ཡང་བཏང་མེད།  ཚེས་ ༢༠ ཉིན་ཁོང་གི་ནང་མི་སོགས་འབྲེལ་ཡོད་མི་སྣ་བཅུ་གྲངས་ཙམ་རྫོང་ཐོག་ཏུ་ཆེད་བསྐྱོད་ཀྱིས་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་བ་བྱེད་སྐབས།  ཁོ་ཚོའི་ཁྲོད་ནས་མི་ལྔ་ཙམ་ལས་ཁུངས་ལ་ཡོང་བཅུག་ནས་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོད་བརྗོད་དོན། གཞོན་ནུ་དཔལ་ལྡན་སྤྱི་ལོ་ ༢༠༠༨ ལོར་དབལ་དབཎ་ཡུལ་འཚོའི་མི་མང་གིས་ངོ་རྒོལ་བྱེད་སྐབས་འགོ་ཁྲིད་མཁན་གཙོ་བོ་ཡིན་པ་ང་ཚོས་འདི་གར་འཛིན་བཟུང་བྱས་པའི་མི་མང་པོ་ཞིག་གིས་བརྗོད་བཞིན་འདུག་པས། ང་ཚོས་ཟླ་བ་གཅིག་རིང་དྲི་གཅོད་བྱ་རྒྱུ་ཡིན་པས་ཁྱེད་ཚོ་ཕྱིར་ལོག་དགོས་ཅེས་བརྗོད།

ཁོང་འཇུ་བཟུང་བྱས་རྗེས་རྒྱ་གཞུང་འབྲེལ་ཡོད་པས་ཁོང་ལ་དུས་ཡུན་ཟླ་བ་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་དྲི་གཅོད་བྱས་པ་དང།  མཐར་ལོ་གཉིས་དང་ཟླ་བ་དགུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་།  ཡིན་ནའང། ཁོང་ལ་དྲི་གཅོད་བཀག་ཉར་བྱེད་པའི་ཟླ་བ་གཉིས་ཙམ་གྱི་རིང་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་ནད་གཞི་གང་ཡང་མེད་པའི་གཞོན་ནུ་དཔལ་ལྡན་ལགས་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་པ་དང།  ཐ་ན་ཁོང་བཙོན་ཁང་ནང་འདས་གྲོངས་སུ་འགྲོ་ཉེན་འཚམས་སུ་སླེབས་སྐབས་སྤྱི་ལོ་  ༢༠༡༣ ཟླ་ ༧ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་བཙོན་འཇུག་གི་དུས་ཡུན་མ་རྫོགས་གོང་ནས་ཁོང་གློད་བཀྲོལ་བཏང་བ་རེད།  ཁོང་གློད་བཀྲོལ་བཏང་རྗེས་སྔ་རྗེས་སུ་བཤག་བཅོས་ཐེངས་གཉིས་ཙམ་གཏོང་དགོས་འཁེལ་ཞིང། བཤག་བཅོས་ཐེངས་དང་པོ་དེར་རྒྱ་སྒོར་ཁྲི་ ༡༡ ཙམ་གཏོང་དགོས་བྱུང་བ་ཟད། སློབ་བཞུགས་བྱེད་ལ་ཉེ་བའི་ཁོང་གི་བོུའི་སྐྱེས་ལོ་སྐྱེས་ཚེས་ནོར་བར་ཁ་གཡར་ནས་སློབ་བཞུགས་བཀག་བསྡོམས་བྱས་ཡོད།  མ་ཟད་ཁོང་ལ་འཕྲད་བཞིན་པའི་དཀའ་སྡུག་གི་གནས་ཚུལ་དེ་དག་བཙན་བྱོལ་ནང་གྱར་བའི་རྐྱེན་གྱིས་ནད་མནར་ཏུ་གྱུར་བའི་གཞོན་ནུ་དཔལ་ལྡན་ལགས་སླར་ཡང་རྒྱ་གཞུང་བདེ་འཇགས་མི་སྣས་ཆེད་འགུག་གིས་དྲི་གཅོད་བྱས་པ་མ་ཟད།  ཁོང་གི་ལག་ཐོག་ཁ་པར་སོགས་ཀྱང་གཞུང་བཞེས་བཏང་བ་དང།  གཞུང་གི་བརྡ་ཁྱབ་མ་སླེབས་བར་རང་ཁྱིམ་ནས་ཕྱི་རུ་དོན་མི་ཆོག་པའི་ཐ་ཚིག་བསྒྲགས་ཡོད། ཁོང་གི་ནད་གཞི་གཙོ་བོ་ནི་སྙིང་ནད་དང་། ཁྲག་རྩ་འགག་པ།  མིག་མི་མཐོང་བ་དང་རྣ་བས་གོ་དཀའ་བ་སོགས་ཀྱི་ནད་གཞི་མང་དག་ཅིག་ཕོག་ཡོད།

Leave a Reply

Your email address will not be published. Required fields are marked *