དཀོན་མཆོག་དོན་གྲུབ་ལགས་གློད་བཀྲོལ་བཏང་འདུག

      October 9, 2017:35 AM

གསར་འགྱུར་རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན།  སྤྱི་ལོ་ ༢༠༠༨ ལོའི་མདོ་སྨད་རྨ་ཆུ་ཁུལ་གྱི་ཞི་རྒོལ་ཆེན་མོའི་ནང་མཉམ་བཞུགས་གནང་མཁན་དཀོན་མཆོག་དོན་གྲུབ་ལགས་སྤྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢ ཉིན་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འདུག དཀོན་མཆོག་དོན་གྲུབ་ལགས་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་བཞུགས་གནང་རྗེས་ས་གནས་རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་འཇུ་བཟུང་བྱས་པ་དང།་   དེ་རྗེས་ཀན་ལྷོ་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་ལ་མི་ལོ་བཅུ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད།  རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་པའི་བཅད་ཁྲ་ལྟར་ན་ཁོང་གི་བཙོན་འཇུག་གི་ལོ་ཚད་བཅུ་གཉིས་ཡིན་པ་དང།  ད་དུང་ཡང་ལོ་གཉིས་དང་ཕྱེད་ཀ་ལྷག་ཡོད་པ་རེད།  ཡིན་ནའང།  ལོ་གཉིས་དང་ཕྱེད་ཀ་སྔ་སྣུར་གྱིས་གློད་བཀྲོལ་གཏོང་དགོས་དོན་ཅི་ཡིན་གྱི་ཐད་རྒྱ་གཞུང་གིས་ད་བར་འགྲེལ་བཤད་གང་ཡང་བྱས་མེད།   ཟླ་  ༡༠  ཚེས་ ༢  ཉིན་བཙོན་གྲོལ་བཏང་ནས་རང་ཡུལ་དུ་ཕྱིར་འབྱོར་སྐབས།  ཁོང་གི་ནང་མི་དང་དགའ་ཉེ་སྤུན་མཆེད།  གྲོགས་པོ་སོགས་ཀྱིས་རླང་འཁོར་བཏང་ནས་ཕེབས་བསུ་ཞུས་པ་མ་ཟད།  ས་གནས་མི་མང་རྣམས་ལ་གསོལ་ཚིག་འདེགས་འབུལ་ཞུས་པའི་གནས་ཚུལ་ཡང་ཐོན་བཞིན་འདུག  མི་ལོ་དགུ་ཡི་རིང་ངན་་དགུ་ཚང་བའི་བཙོན་ཁང་གི་ནང་དཀའ་སྡུག་སྣ་ཚོགས་མྱངས་ཏེ་གསོན་པོར་ཐར་ཐུབ་པ་དེ་ནི་ཁོང་ལ་སླར་ཡང་རེ་བའི་མཁའ་དབུགས་རྔུབ་པའི་རང་དབང་ཞིག་ཐོབ་ཡོད་པ་མ་ཟད།  ཕ་ཡུལ་གྱི་མི་དམངས་སྤྱི་ཚོགས་དང་དགའ་ཉེ་ཚོའི་ངོས་ནས་བཤད་ན་དེ་བས་ཀྱང་དགའ་སྣང་སྐྱེ་དགོས་པ་ཞིག་ལོས་ཡིན།

དེ་ཡང་རྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན།  གཞི་རྩའི་དཀོན་མཆོག་དོན་གྲུབ་ལགས་ནི་རྨ་ཆུ་རྫོང་གི་ཕ་ཉ་ཏ་དང་མ་སྐལ་བཟང་སྐྱིད་གཉིས་ཀྱི་བུ་ཚབ་ཞིག་ཡིན་ཞིང་། ཁོང་ལ་དེ་སྔ་རྒྱ་གཞུང་གིས་ལོ་ངོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་སྐབས་ཁོང་དང་ལྷན་དུ་བོད་མི་གཞན་གཉིས་ལའང་ལོ་ ༡༥ དང་ ༡༣ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ལོ་དེའི་ཟླ་ ༤ ཚེས་ ༡༡ ཉིན་ཁོང་གསུམ་བཙན་དབང་གིས་བཀག་སྐྱིལ་བྱས་ཡོད་པ་རེད།  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགྲེལ་བརྗོད་གནང་དོན། ད་རེས་དཀོན་མཆོག་དོན་གྲུབ་ལགས་བཙོན་འཇུག་གི་དུས་ཡུན་མ་ཚང་གོང་ལོ་གཉིས་དང་ཕྱེད་ཀ་སྔ་སྣུར་གྱིས་གློད་བཀྲོལ་བཏང་དོན་དེ་ནི། གཟུགས་གཞི་བདེ་མིན་དང་། ཡང་ན་བཙོན་འཇུང་རིང་སྤྱོད་ལམ་ཡག་པོ་འཁྱེར་བའི་རྒྱུ་མཚན་གྱིས་ཡིན་པར་ཚོད་དཔག་གནང་གི་འདུག འོན་ཀྱང་ད་ལྟའི་ཆར་འཚོག་ལ་ཉེ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་དང་འབྲེལ་ཆེས་དམ་དྲག་ཡོད་སྟབས། ཁོང་གི་གཟུགས་གཞི་གནས་སྟངས་ཇི་ཡོད་སྐོར་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག

Leave a Reply

Your email address will not be published. Required fields are marked *