བཙན་གནོན་གྱི་ཆིངས་ཡིག་དང་ལོ་རྒྱུས་ཀྱི་བདེན་དཔང།

      May 23, 2017:26 AM

མི་ལོ་དྲུག་ཅུ་རེ་དྲུག་སྔོན་གྱི་དེ་རིང་སྟེ།  སྤྱི་ལོ་ ༡༩༥༡ ཟླ་ ༥ ཚེས་  ༢༣ རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་ཀྱི་སྐུ་ཚབ་འཐུས་མིར་འཇིགས་སྐུལ་བཙན་ཤེད་ཀྱི་འོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པར་མིང་རྟགས་བཀོད་པའི་དུས་ཚིག་ཞིག་རེད།  དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་རྒྱ་གཞུང་གིས་ཐོག་མར་བོད་དུ་བཙན་འཛུལ་བྱས་པ་དང།  བར་དུ་བཙན་གནོན་བྱས་པ།  མཐར་བོད་མི་རིགས་རྩ་མེད་བཟོ་བའི་ལོ་རྒྱུས་ཀྱི་སྐྱོ་གར་དང།  དུས་ངན་གྱི་དཀྱོག་འཚམས་རེ་རེར་རྗེས་དྲན་བྱ་རྒྱུ་དང།  ཉམས་ཞིབ་བྱ་རྒྱུ།  རྒོལ་ལན་གྱི་བསྒྲགས་གཏམ་སྤེལ་རྒྱུ་དེ་་དོར་ཐབས་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་འཐབ་རྩོད་ཀྱི་དགོས་མཁོ་ཞིག་ཡིན་པར་བརྟེན།  འདི་ག་ཚོགས་པའི་ཉམས་ཞིབ་སྡེ་ཚན་ནས་དུས་ཚིག་དེ་དང་སྟུན་ནས་ཆེད་དུ་ཉམས་ཞིབ་ཀྱི་བསྒྲགས་གཏམ་འདི་འདྲ་ཞིག་སྤེལ་བ་ཡིན་པས་བློ་ལྡན་ཚོས་དཔྱད་པ་ཡོད་པ་ཞུ།

དང་པོ།   རྒྱའི་ཡིག་ཆའི་ནང་གི་བོད་རང་བཙན།

གྲོས་མཐུན་དེའི་ཐོག་མའི་གླེང་གཞིའི་ནང་བོད་དེ་མེས་པོའི་ཁྱིམ་ཚང་ཆེན་པོའི་པང་དུ་ལོག་དགོས་ཞེས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་འདོད་ཚུལ་ཞིག་བསྟན་ཡོད་ཀྱང།  བོད་མི་རང་ཉིད་ཀྱིས་བྲིས་པའི་ལོ་རྒྱུས་ཀྱི་ཐོག་བོད་དེ་རྒྱ་ནག་གི་མངའ་ཁོངས་དང་ཆ་ཤས་ཡིན་ལུགས་གཅིག་ཀྱང་འཁོད་མེད་པ་ཟད། རྒྱ་ནག་རང་ཉིད་ཀྱི་ལོ་རྒྱུས་དང་ཐ་ན་གུང་ཁྲན་ཏང་གིས་དབང་བསྒྱུར་བྱས་རྗེས་ལོ་རབས་བརྒྱ་བཅུའི་ནང་བྲིས་པའི་རྒྱ་ནག་གི་བོད་འབྲེལ་ལོ་རྒྱུས་དཔྱད་གཞི་ཁ་ཤས་ཀྱི་ནང་རྒྱ་ནག་གིས་བོད་དུ་དོན་དམ་གྱི་དབང་བསྒྱུར་བྱས་མེད་པ་དང་བྱེད་ཡང་ཐུབ་ཐབས་མེད་པའི་དཔྱད་གཞི་དེ་འདྲ་དེང་སང་ཐོན་བཞིན་ཡོད་པ་སྟེ། རྒྱན་ནག་གཞུང་གིས་ཆེད་དུ་འདོན་སྤེལ་བྱས་པའི་བོད་འབྲེལ་ལོ་རྒྱུས་དཔྱད་གཞིའི་དེབ་ཐེར་བཞི་པའི་ནང་རྒྱ་མི་ཞིག་གིས་བྲིས་པའི་རྩོམ་ཡིག་ནང་འདི་ལྟར་འཁོད་ཡོད་པ་སྟེ།  ཆིང་རྒྱལ་རབས་ཀྱི་དུས་མཇུག་ནས་བཟུང་ཆིང་གོང་མའི་སྲིད་གཞུང་གི་བོད་སྡོད་དཔོན་དམངས་ཡོངས་རྫོགས་བོད་ནས་ཕྱིར་འབུད་བྱས་པ་དང༌༌༌༌།  རྒྱལ་དམངས་སྲིད་གཞུང་བཙུགས་རྗེས་དམག་ཤེད་ཅན་གྱིས་དབང་ཆ་སྒེར་གཅོད་བྱས་པས་ནང་འཁྲུག་རྒྱུན་ཆད་མེད་པར་བྱུང་ནས་རྒྱལ་ཁབ་ཧ་ལམ་ཉིན་གཅིག་ཀྱང་དུས་བདེ་ཞི་འཇགས་བྱུང་མྱོང་མེད༌༌༌།  དེར་བརྟེན།  བོད་གཞུང་དང་གོ་མིན་ཏང་གི་འབྲེལ་བ་ནི་རེངས་པོའི་གནས་སུ་གྱུར་བ་དང།  སྐབས་དེར་ཅང་ཅེའི་ཧྲེའི་སྟོབས་ཤུགས་བོད་དུ་རྩ་བ་ཉིད་ནས་སླེབས་ཐབས་མེད་ཅེས་ཚིག་ཐག་བཅད་འདུག་པ་མ་ཟད།  ད་དུང་རྩོམ་ཡིག་དེའི་ནང་ཅང་ཅེ་ཧྲིས་བོད་དུ་དབང་བསྒྱུར་མི་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་གསལ་བཤད་བྱས་ཡོད་པ་སྟེ།  བྱང་ནས་ལྷོ་ཕྱོགས་བར་རྨ་ཧྥུ་ཧྤང་དང།  ལིའུ་ཝུན་ཧན། ལུང་ཡུན་སོགས་ཀྱི་ས་གནས་སྟོབས་ཤུགས་ཀྱིས་བར་དུ་ཆོད་པས་རེད།  ས་གནས་ཀྱི་སྟོབས་ཤུགས་དེ་དག་དང་ཅང་ཅེ་ཧྲེའི་དབར་བསམ་པ་གཅིག་མཐུན་མིན་ལ།  བོད་ཀྱི་དབང་འཛིན་ལས་ཁུངས་དང་མངོན་རྩོད་ལྐོག་འཐབ་ཀྱང་བྱེད་ཀྱི་ཡོད་པ་མ་ཟད།  ས་ཁུལ་རང་བཞིན་གྱི་དྲག་པོའི་འཐབ་རྩོད་ཀྱང་བྱེད་མུས་རེད་ཅེས་བརྗོད་ཡོད།

ལོ་རྒྱུས་ཀྱི་དཀྱོག་འཚམས་གཞན་ཞིག་ནི་སོག་པོའི་དུས་སྐབས་རེད།  རྒྱ་ནག་གཞུང་གིས་ཡོངས་བསྒྲགས་ཐོག་བོད་རྒྱ་ཁོངས་སུ་འགྱུར་བའི་མཚོན་རྟགས་གཙོ་བོ་ནི་སོག་པོའི་དུས་རབས་ནས་འགོ་ཚུགས་པར་ནན་བརྗོད་བྱེད་ཀྱི་ཡོད།  ཡིན་ནའང།  ལོ་རྒྱུས་ཀྱི་དཀྱོག་འཚམས་དེར་རྒྱ་ནག་གི་དེང་རབས་ལོ་རྒྱུས་ཐོག་གི་སྙན་གྲགས་ཆེ་ཤོས་དང་། ཐ་ན་མའོ་ཙེ་ཏུང་རང་ཉིད་ཀྱིས་ཀྱང་གདེང་འཇོག་ཆེ་ཤོས་བྱེད་སའི་རྩོམ་པ་པོ་ལུའུ་ཞུན་གྱིས་རྒྱ་ནག་གཞུང་གི་ལྟ་བ་དང་ཐ་དད་ཡིན་པའི་དཔྱད་བརྗོད་ཚ་ནན་ཞིག་བྱས་ཡོད་པ་སྟེ།  ང་ཚོས་ད་བར་ཇིང་གེར་རྒྱལ་པོ་དང་བཅས་པ་ནི་ང་ཚོའི་མི་ཡིན་པར་བསམ་བཞིན་ཡོད།  རྗེས་སུ་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་བྱས་རྗེས་གཞི་ནས་ང་ཚོ་ནི་ཡོན་རྒྱལ་རབས་ཀྱི་རྒྱལ་ཤོར་བྲན་གཡོག་ཏུ་གྱུར་བ་ཤེས་ཐུབ།  དེས་ཨེ་ཤེ་ཡ་དབུས་དང་ཡོ་རོབ་ཤར་མའི་རྒྱལ་ཁབ་མང་པོ་བསྣུབས་རྗེས་མཐར་རྒྱ་ནག་བསྣུབ་པ་རེད་ཅེས་བཀོད་ཡོད།  ཇིང་གེར་རྒྱལ་པོས་ཡོ་རོབ་གླིང་དབང་དུ་བསྡུས་པ་དེས་ང་ཚོ་གོ་འཕངས་མཐོ་བའི་དུས་སྐབས་ཡིན་ཚུལ་ཐོས།  ལོ་ན་ཉེར་ལྔར་སོན་དུས་གཞི་ནས་ང་ཚོ་གོ་འཕངས་མཐོ་བར་བརྗོད་པའི་དུས་སྐབས་དེ་ནི་དོན་དམ་པར་སོག་པོས་བས་རྒྱ་ནག་དབང་དུ་བསྡུས་པ་དང།  ང་ཚོ་ནི་སོག་པོའི་བྲན་གཡོག་ཏུ་གྱུར་བ་གཞི་ནས་ཤེས།  སོག་པོས་རྒྱ་ནག་དབང་དུ་མ་བསྡུས་གོང་ཨུ་རུ་སུ་དབང་དུ་བསྡུས་པ་དང། དེ་རྗེས་ཞུ་ཨའོ་རྒྱལ་ཁབ་ལ་བཙན་འཛུལ་བྱས་པ་གཞི་ནས་རྟོགས།

སྐབས་དེར་རང་རེ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀ་སྐྱིད་སྡུག་གཅིག་མཚུངས་ཡིན་པ་སྟེ།  ཕྱོགས་གཉིས་ཀ་སོག་པོ་བས་དབང་དུ་བསྡུས་པ་རེད།  རྒྱ་ནག་གིས་ཅིའི་ཕྱིར་ད་ལྟའི་དུས་འདིར་ཡོན་རབས་ཀྱི་མི་རང་ཕྱོགས་སུ་འཕྲོག་འདོད་པ་དང་རང་གི་མེས་པོར་རྩིས་བ་དང།  གཟི་བརྗིད་ཆེན་པོ་ཞིག་ཡིན་པ་ཇི་མ་ཇི་བཞིན་རང་ཉིད་ལྟར་གཉའ་གནོན་མྱོང་མཁན་ཡིན་པའི་སི་ལ་ཧྤུའི་རིགས་རྒྱུད་ཀྱི་མདུན་དུ་ང་རྒྱལ་བྱེད་དགོས་དོན་ཅི་ཞིག་ཡིན་ནམ།  གལ་ཏེ།  བཤད་ལྟངས་འདི་ལྟར་བྱས་ན་།  ཨུ་རུ་སུའི་མིས་ཀྱང་ཡོན་རྒྱལ་རབས་ཀྱི་དུས་སུ་རྒྱ་ནག་གི་མངའ་ཁོངས་ཁོ་ཚོར་དབང་ཡོད་ཅེས་བྲིས་ཆོག་ཅེས་བརྗོད་ཡོད།   དེར་བརྟེན།   ཇིང་གེར་རྒྱལ་པོ་དང་ཁོང་ཁོང་གི་བུ་རྒྱུད་ཚོས་སོག་པོའི་མཐོ་སྒང་དང།  བྱེ་ཐང།  རྩ་ཐང་ཡོངས་རྫོགས་ཁོང་གི་དར་ཆའི་འོག་གཅིག་གྱུར་བྱས་པ་མ་ཟད།  དབུས་ཨེ་ཤེ་ཡ་དང་ཡོ་རོབ་གླིང་སོགས་ལའང་དཔུང་འཇུག་བྱས་ཏེ་སོག་པོ་བཙན་རྒྱལ་དར་ཞིང་རྒྱས་པའི་ལོ་རྒྱུས་དེ་སོག་པོ་བ་རང་ཉིད་ཀྱི་རྒྱལ་རབས་ཡིན་པ་ལས་རྒྱ་ནག་གི་རྒྱལ་རབས་མིན་ཞེས་ལུའུ་ཞུན་གྱིས་ཚན་རིག་དང་མཐུན་པའི་བདེན་དཔང་བྱས་ཡོད་པ་དང།  ལུའུ་ཞུན་ཞེས་པ་མི་ཇི་འདྲ་ཞིག་རེད་དམ་ཞེ་ན།  མའོ་ཙེ་ཏུང་གིས་ལུའུ་ཞུན་ལ་གདེང་འཇོག་འདི་འདྲ་ཞིག་བྱས་ཡོད་པ་སྟེ།  ལུའུ་ཞུན་ནི་རྒྱ་ནག་གི་རིག་གནས་གསར་པའི་དཔུང་སྡེའི་ནང་གི་ཆེས་རླབས་ཆེ་བ་དང་དཔའ་མཛངས་ལྡན་པའི་དར་ཆ་བསྒྲེངས་མཁན་ཞིག་དང་གདོང་མཆོངས་པ་ཞིག་རེད།   ཁོང་ནི་རླབས་ཆེན་གྱི་རྩོམ་རིག་པ་མཁས་པ་ཞིག་ཡིན་པ་མ་ཟད།  རླབས་ཆེན་གྱི་བསམ་བློ་བ་དང་རླབས་ཆེན་གྱི་གསར་བརྗེ་བ་ཞིག་ཀྱང་རེད།  ལུའུ་ཞུན་གྱི་རུས་པ་ནི་སྲ་ཞིང་མཁྲེགས་པ་དང་།  ཁོང་ལ་བྲན་གཡོག་གི་རྣམ་འགྱུར་དང་གཤིས་ཀ་སྤུ་ཙམ་ཡང་མེད་ཅིང།འདི་ནི་མི་སེར་སྤེལ་ཡུལ་དང་མི་སེར་སྤེལ་ཡུལ་ཕྱེད་ཙམ་གྱི་མི་མང་གི་ཆེས་རིན་ཐང་ཆེ་བའི་གཤིས་རྒྱུད་ཅིག་རེད་།ལུའུ་ཞུན་ནི་རིག་གནས་ཀྱི་འཐབ་ཕྱོགས་སུ་མི་རིགས་ཡོངས་ཀྱི་མི་མང་གི་སྐུ་ཚབ་བྱས་ཏེ་དགྲོ་བོའི་ཕྱོགས་ལ་གདོང་མཆོངས་བྱེད་ཕོད་པའི་ཆེས་ཡང་དག་པ་དང།ཆེས་རྟུལ་ཕོད་པ།ཆེས་བློ་དཀར།ཆེས་ལྷག་བསམ་ཟོལ་མེད་ཀྱི་སྔར་བྱུང་མྱོང་མེད་པའི་མི་རིགས་ཀྱི་དཔའ་བོ་རེད་ཅེས་བརྗོད་ཡོད།

གཉིས་པ།  བོད་གཞུང་གི་ལང་ཕྱོགས།

སྐབས་དེར་བོད་གཞུང་སྐུ་འཐུས་མིའི་མི་འགྲོའི་ཁོངས་སུ་ང་ཕོད་ང་དབང་འཇིགས་མེད་དང་།  ཁེ་སྨད་བསོད་ནམས་དབང་འདུས། ཐུབ་བསྟན་བསྟན་དར།  ཐུབ་བསྟན་ལེགས་སྨོན།  བསམ་ཕོ་བསྟན་འཛིན་དོན་གྲུབ་བཅས་མི་ལྔ་གཏན་འཁེལ་མཛད་པ་དང།   ཁོང་རྣམས་ཀྱིས་བོད་གཞུང་གི་སྐུ་ཚབ་འཐུས་མིའི་མིང་ཐོག་ནས་འཛིན་དགོས་པའི་ལྟ་བ་དང་ཕྱོགས་དོན་ཚན་ལྔ་བཀོད་མངགས་བྱས་ཡོད་པ་སྟེ།  ༡།བོད་ཆོས་ལྡན་རྒྱལ་ཁབ་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཞིང།  སྔ་རབས་ནས་ད་བར་བོད་རྒྱའི་དབར་ལོ་རྒྱུས་ཐོག་ཡོད་བསྡད་པའི་མཆོད་ཡོན་གྱི་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་ཐོག་འདི་གོང་འཕེལ་གཏོང་རྒྱུ།  ༢།བོད་གཞུང་དང་རྒྱ་ནག་གཞུང་གསར་པའི་དབར་གྱི་འབྲེལ་ལམ་དེ་བོད་གཞུང་དང་གོ་མིན་ཏང་གཞུང་དབར་གྱི་འབྲེལ་ལམ་ལྟར་རྒྱུན་འཁྱོངས་བྱ་རྒྱུ།  ༣།རྒྱ་ཕྱོགས་ནས་བོད་དུ་བཅའ་སྡོད་སྐུ་ཚབ་དང་ལས་བྱེད་བཅས་མི་གྲངས་བརྒྱ་ལས་མི་བརྒལ་བ་དང།   དེ་རྣམས་ཀྱི་སྲུང་སྐྱོབ་བོད་དམག་ནས་འཁུར་རྒྱུ།  ༤།དར་རྩེ་མདོ་ཡན་གྱི་བོད་ས་རྣམས་བོད་གཞུང་ལ་ཕྱིར་བསྐྲོད་ཐོག་རྒྱ་ཕྱོགས་ཀྱི་ཞི་དྲག་དཔུང་དམག་རྣམས་ཕྱིར་འཐེན་བྱ་རྒྱུ།  ༥།བོད་ཀྱི་ས་མཚམས་ཁག་བརྟན་སྲུང་གི་འགན་འཁུར་བོད་དམག་རང་གིས་བྱ་རྒྱུ་བཅས་ཆ་འཛིན་དགོས་པ་དང།  རྩ་བའི་ཐག་གཅོད་བྱེད་ཕྱོགས་གལ་ཆེའི་སྐབས་འཕྲལ་བོད་གཞུང་ལ་དགོངས་ཐལ་ལུས་མེད་པ་དགོས་རྒྱུ་ཞེས་འཁོད་ཡོད།

དེར་བརྟེན།  བོད་ཀྱི་སྐུ་ཚབ་འཐུས་མི་རྣམས་ལ་བོད་གཞུང་གིས་གཏན་འཁེལ་ཐག་གཅོད་བྱུང་བའི་རྩ་འཛིན་ལམ་སྟོན་གྱི་ཁྱབ་ཁོངས་དེ་ལས་འགལ་བའི་ཐོག་ནས་ཐག་གཅོད་བྱེད་པའི་དབང་ཚད་ཅི་ཡང་མེད་པ་བདེན་དཔང་བྱས་ཡོད་ལ།  རྩ་འཛིན་གྱི་ཁྱབ་ཁོངས་དེའི་ནང་དུ་གྲོས་མོལ་བྱེད་པའི་སྐབས་སུའང་བོད་གཞུང་ལ་དགོངས་སྐོར་སྙན་གསེང་དགོས་པ་བཀོད་མངགས་བྱས་ཡོད།  བོད་གཞུང་གི་སྐུ་ཚབ་འཐུས་མིས་ཀྱང་དངོས་གཞིའི་གྲོས་མོལ་གྱི་འགོ་འཛུགས་སྐབས།  བོད་གཞུང་ནས་གཏན་འཁེལ་ཐག་གཅོད་བྱས་པའི་རྩ་འཛིན་ལྟར་རང་ཉིད་ཀྱི་ལྟ་བ་དང་ལང་ཕྱོགས་གསལ་སྟོན་བྱས་པ་མ་ཟད།  ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་ལྟ་བ་དང་ཕྱོགས་ཡང་མཐའ་འཁྱོངས་བྱས་པའི་བདེན་དཔང་ནི།  སྐབས་དེའི་གྲོས་མོལ་གྱི་རྒྱུད་རིམ་ནང་མཉམ་བཞུགས་བྱས་པའི་རྒྱ་ཕྱོགས་ཀྱི་མི་སྣའི་གྲས་འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་ལོ་རྒྱུས་ནང་འདི་ལྟར་འཁོད་ཡོད་པ་སྟེ།  གྲོས་མཐུན་འདི་ཐོག་མ་ཉིད་ནས་དཀའ་ཚེགས་ཅན་ཞིག་ཡིན་པ་ནི་ཡ་མཚན་མེ་དགོས་པ་ཞིག་རེད།  དེའི་རྒྱུ་མཚན་ནི་ཕྱོགས་གཉིས་ཀར་འདས་པའི་ལོ་རྒྱུས་ལ་གོ་བ་ལེན་ཕྱོགས་རྦད་དེ་མི་འདྲ་བ་རེད་ཡོད་ཅེས་བརྗོད་ཡོད།  ལོ་རྒྱུས་ལ་གོ་བ་ལེན་ཕྱོགས་མི་འདྲ་བ་ཞེས་པ་ནི་རྒྱ་ནག་གི་སྐུ་ཚབ་འཐུས་མིས་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པའི་ནན་བརྗོད་བྱེད་ཀྱི་ཡོད་ཀྱང། བོད་ཀྱི་སྐུ་ཚབ་འཐུས་མི་ཚོས་བོད་དེ་ལོ་རྒྱུས་ཐོག་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ལས་རྒྱ་ནག་གི་མངའ་ཁོངས་མིན་པའི་ལང་ཕྱོགས་མཐའ་འཁྱོངས་དང་ནན་བརྗོད་བྱས་ཡོད།

རྒྱ་ནག་གཞུང་གིས་ལྟ་བ་དང་ལང་ཕྱོགས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་ཡིན་པའི་ནན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་སྐབས་དེར་ལྷོ་ནུབ་ཅུས་ནས་གསལ་སྟོན་བྱས་པའི་དོན་ཚན་བཅུ་ཆ་རྐྱེན་བཏོན་ཡོད་པ་སྟེ། ༡།བོད་མི་དམངས་མཐུན་བསྒྲིལ་བྱས་ཏེ་བཙན་རྒྱལ་རིང་ལུགས་ཀྱི་བཙན་ཤུགས་བོད་ནས་མཐར་བསྐྲོད་བཏང་ནས་ཀྲུང་ཧྭ་མི་དམང་སྤྱི་མཐུན་རྒྱལ་ཁབ་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ལོག་དགོས།  ༢།བོད་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱ་རྒྱུ།  ༣།བོད་ཀྱི་ད་ལྟའི་ཆབ་སྲིད་ལམ་ལུགས་རྣམས་རང་འཇགས་སུ་འཇོག་རྒྱུ་དང།༸རྒྱལ་དབང་རིན་པོ་ཆེའི་གོ་བབ་སྐུ་དབང་ལ་འགྱུར་བ་མི་གཏོང་རྒྱུ།  རིམ་ཁག་དཔོན་རིགས་རྣམས་སྔར་བཞིན་གཞུང་ཞབས་སུ་བསྡད་རྒྱུ།  ༤།ཆོས་ལུགས་རང་མོས་དང་དགོན་པར་སྲུང་སྐྱོབ་བྱས་ནས་བོད་མི་དམངས་ཀྱི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱ་རྒྱུ།  ༥།བོད་ཀྱི་ད་ཡོད་དམག་དོན་ལམ་ལུགས་བཅོས་བསྒྱུར་མི་བྱ་བར་བོད་ཀྱི་དམག་དཔུང་དེ་ཀྲུང་ཧྭ་མི་དམང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་དྲག་དཔུང་གི་ཆ་ཤས་སུ་འགྱུར་བ་བྱ་རྒྱུ།  ༦།བོད་མི་རིགས་ཀྱི་སྐད་ཡིག་དང་།རྩོམ་རིག  སློབ་གྲྭའི་སློབ་གསོ་དར་སྤེལ་གཏོང་རྒྱུ།  ༧བོད་ཀྱི་ཞིང་འབྲོག་བཟོ་ཚོང་ལས་རིགས་གོང་དུ་སྤེལ་ནས་མི་མང་གི་འཚོ་བ་ལེགས་བཅོས་ཡོང་བ་བྱ་རྒྱུ།  ༨བོད་དུ་བཅོས་བསྒྱུར་བྱ་རྒྱུའི་རིགས་མི་དམངས་ཀྱི་བསམ་འདུན་གཞིར་བཟུང་བོད་མི་དམངས་དང་འགོ་འཁྲིད་རྣམས་ནས་གྲོས་མོལ་གྱི་ཐོག་ནས་ཐག་གཅོད་བྱ་རྒྱུ།  ༩སྔོན་ཆད་དབྱིན་ཇི་དང་ཨ་མི་རི་ཁ་ལ་ཕྱོགས་པའམ་གོ་མིན་ཏང་ལ་ཕྱོགས་མཁན་གྱི་དཔོན་རིགས་ཚོས་ད་ལྟ་ཁོ་ཚོ་དང་འབྲེལ་བ་ཡོངས་སུ་བཅད་དེ་འདི་ཕྱོགས་སུ་གཏོར་བརླགས་མ་བྱས་ན་མུ་མཐུད་རང་གནས་གོ་ས་འཛིན་རྒྱུའི་ཐོག་སྔོན་ཆད་ཀྱི་ནག་ཉེས་རྩད་གཅོད་མི་བྱེད་རྒྱུ།  ༡༠།ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་ནས་རྒྱལ་སྲུང་སྲ་བརྟན་དུ་གཏོང་བ་དང་མི་དམངས་བཅིངས་འགྲོལ་དམག་གིས་གོང་གསལ་གྱི་སྲིད་ཇུས་ཁག་ལ་བརྩི་སྲུང་བྱེད་ལ།དམག་དཔུང་གི་འགྲོ་དངུལ་ཡོད་ཚད་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་གནང་བ་དང་མི་དམངས་བཅིངས་འགྲོལ་དམག་གིས་ཉོ་ཚོང་དྲག་བཞག་བྱ་རྒྱུ་བཅས་རེད།

གསུམ་པ།   དངོས་གཞིའི་གྲོས་མོལ།

སྤྱི་ལོ་  ༡༩༥༡  ཟླ་  ༤ ཚེས་ ༢༩ ཉིན་བོད་རྒྱ་གྲོས་མོལ་གྱི་ཚོོོགས་འདུ་ཐེངས་དང་པོ་འཚོགས།  རྒྱ་ཕྱོགས་ཀྱི་འཐུས་མི་གཙོ་བོ་རླིས་ཧུའེ་ཧན་གྱིས་བོད་ཀྱི་འཐུས་མི་རྣམས་ལ་དོན་ཚན་བཅུ་འཁོད་པའི་ཡིག་ཆ་དེ་གྲོས་གཞི་གཙོ་བཟུང་གིས་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བརྗོད་པར།  བོད་ཀྱི་སྐུ་ཚབ་འཐུས་མིས་རྒྱ་གཞུང་གིས་བཏོན་པའི་གྲོས་གཞི་དང།  དེའི་ཐོག་རྒྱས་བཤད་བྱས་པའི་གནད་དོན་ཁག་ཁས་ལེན་བྱས་མེད་པ་མ་ཟད།  བོད་གཞུང་གི་རྩ་འཛིན་དོན་ཚན་ལྔ་ཡི་ཐོག་གྲོས་མོལ་དགོས་པའི་རྩོད་གླེང་ཤུགས་ཆེ་བྱས་ཏེ་ཕྱོགས་གཉིས་པོའི་དབར་ལ་རྣོ་ངར་ཆེ་བའི་ངང་ནས་མཇུག་བསྒྲིལ་ཡོད།  ཟླ་  ༥ ཚེས་ ༢ ཉིན་གྲོས་མོལ་ཐེངས་གཉིས་པ་འགོ་འཛུགས་བྱས་པ་དང།  བོད་ཀྱི་སྐུ་ཚབ་འཐུས་མིས་སྔར་བཞིན་བོད་དེ་ད་བར་རང་དབང་རང་བཙན་ཡིན་ལུགས་དང།  བོད་རྒྱའི་འབྲེལ་བ་མཆོད་ཡོན་གྱི་འབྲེལ་བ་ཡིན་ལུགས་དག་སྐྱེལ་གནང་བའི་ཐོག་ད་མུས་བཞིན་བཅིངས་འགྲོལ་དམག་བོད་དུ་བསྐྱོད་རྒྱུ་དེ་འགག་རྩ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།  གནད་དོན་དེ་དག་གསལ་པོ་ཐག་གཅོད་མ་བྱུང་ན་ཞི་གྲོས་ཀྱི་རྩ་དོན་ཐོག་ལ་འགལ་བ་འཕྲད་ཀྱི་ཡོད་པར་བརྟེན།  བོད་གཞུང་ལ་ཏར་འཕྲིན་ཐོག་ནས་དགོངས་སྐོར་ཞུ་རྒྱུའི་བསམ་ཚུལ་བཏོན་ཡོད།

བོད་ཀྱི་སྐུ་ཚབ་ཀྱིས་བཏོན་པའི་བསམ་འཆར་དེར།རྒྱ་ཕྱོགས་འཐུས་མི་རླིས་ཧུའེ་ཧན་གྱིས་འདི་གར་བོད་ཀྱི་གནས་བབ་ཐོག་གྲོས་མོལ་བྱེད་ཀྱི་མེད་པ་དང།བོད་དེ་རྒྱ་ནག་གི་མངའ་ཁོངས་ཆ་ཤས་ཞིག་ཡིན་གཤིས་གྲོས་མོལ་བྱེད་ཐབས་མེད་ཅེས་དང།ད་དུང་ཁོ་པས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་བསྐྱོད་བྱ་རྒྱུ་ནི་ཀྲུང་དབྱང་གིས་གཏན་ལ་ཕབ་པ་བྱེད་ཕྱོགས་ཤིག་རེད།བོད་ནི་ཀྲུང་གོའི་མངའ་ཁོངས་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཞིག་རེད།ཀྲུང་གོའི་ས་ཁུལ་ཡོངས་རྫོགས་ངེས་པར་དུ་བཅིངས་འགྲོལ་གཏོང་གི་ཡིན་༌༌༌།ཞེས་ཚིག་རྩུབ་ཀྱིངས་ཁེངས་པའི་རྫིག་གཏམ་མང་དག་བརྗོད་པ་དང།དེ་མུར་འཐུས་མི་ཀྲང་ཅི་ཝུའུ་ཡར་ལངས་ནས་བརྗོད་དོན།བོད་ཞི་བས་བཅིངས་འགྲོལ་གྱི་དོན་ཚན་བཅུ་པོ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་སྐབས་ཐུང་མོང་གི་རྩ་འཛིན་གཞིར་བཟུང་ནས་བཟོས་པ་ཡིན་ཞེས་རྔམ་ཚིག་བཤད་པ་དང།བོད་ཀྱི་འཐུས་མིས་དག་སྐྱེལ་གང་ཐུབ་བྱས་ཀྱང་རྒྱ་ཕྱོགས་ཀྱི་འཐུས་མིང་ཁས་ལེན་མ་བྱས་པར་བརྟེན།དེ་ཉིན་གྱི་གྲོས་མོལ་དེ་ཡང་བློ་ཕམ་གྱི་ངང་ནས་མཇུག་བསྒྲིལ་ཡོད།

ཟླ་  ༥  ཚེས་  ༧  ཉིན་གྱི་སྔ་དྲོ་སྔར་བཞིན་གྲོས་མོལ་ཐེངས་གསུམ་པའི་ཚོགས་འདུ་འགོ་འཛུགས་བྱས་པ་དང།  དེ་ཉིན་ཡང་རྒྱ་ཕྱོགས་ཀྱིས་བཏོན་པའི་བསམ་འཆར་ཉན་རྒྱུ་ཙམ་ལས་གཞན་གང་ཡང་བྱུང་མེད་ཅིང།  དེ་ཡང་སྐབས་དེའི་གྲོས་མོལ་ནང་མཉམ་བཞུགས་གནང་མཁན་བོད་ཀྱི་སྐུ་ཚབ་འཐུས་མི་བསམ་ཕོ་བསྟན་འཛིན་དོན་གྲུབ་ཀྱི་མེ་ཚེའི་རྦ་རླབས་འཁྲུགས་པོ་ཞེས་པའི་ནང།  བཀའ་དཔྱད་གནང་མཁན་དང་བཀའ་དཔྱད་ཞུ་མཁན་ལྟ་བུ་ལས་བྱུང་མེད་ཅེེས་བརྗོད་པ་ལྟར་རེད།  དེ་རྗེས་རྩོད་གླེང་གཞན་ཞིག་ནི་བོད་དུ་དམག་སྲིད་ཨུ་ཡོོན་ལྷན་ཁང་གསར་འཛུགས་བྱ་རྒྱུའི་ཐད་བྱུང་ཡོད།  རྒྱ་ཕྱོགས་ཀྱི་འཐུས་མི་གཙོ་བོས་བོད་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་གསར་འཛུགས་བྱ་རྒྱུ་དང།  དེ་ནི་བོད་ཀྱི་དམག་སྲིད་ཀྱི་བྱ་བ་ཡོད་ཚད་ལ་བཀོད་པ་གཏོང་མཁན་དེ་རེད་ཅེས་བརྗོད་པར།བོད་ཀྱི་སྐུ་ཚབ་འཐུས་མིས་འདི་ལྟར་དོགས་སློང་བྱས་པ་སྟེ།  དེ་འདྲ་ཡིན་ན་ཏཱ་ལའི་བླ་མའི་སྐུ་དབང་རག་འཇག་འཇོག་རྒྱུ་ཟེར་བ་དང་འགལ་བ་མ་རེད་དམ་ཞེས་བརྗོད་པར།  རྒྱ་ཕྱོགས་ཀྱི་འཐུས་མི་གཙོ་བོ་རླིས་ཧུའེ་ཧན་རབ་ཏུ་ཁྲོས་ཏེ།  ང་ཚོས་ཏཱ་ལའི་བླ་མའི་སྔར་ཡོད་དབང་ཆ་རང་འཇག་གིས་བསྒྱུར་བཅོས་གཏོང་གི་མིན་ཞེས་སུས་ཟེར་གྱི་འདུག་གམ། ཁྱེད་ཚོ་ཀྲུང་དབྱང་དང་ཁ་སྤྲོད་ཡིན་ཟེར་གྱི་ཡོད་དམ།  ཁྱེད་ཚོ་ག་དུས་ལོག་ནའང་འགྲིགས་ཀྱི་རེད།སང་གནང་ལོག་ནའང་འགྲིགས་ཀྱི་རེད།ཡང་ན་བོད་ལ་དྲག་པོའི་བཅིངས་འགྲོལ་བཏང་རྗེས་ལོག་ནའང་འགྲིགས་ཀྱི་རེད།  དེའི་རིང་ཁྱེད་རང་ཚོ་པེ་ཅིང་དུ་བསྡད་ནའང་འགྲིགས་ཀྱི་རེད།  མི་དམངས་བཅིངས་འགྲོལ་དམག་བོད་ས་ཁུལ་ལ་སླེབས་ཡོད་པས་ས་གནས་སུ་ཏར་གཏོང་རྒྱུ་ལས་གཞན་གྱི་དཀའ་ངལ་དང་རྙོག་དྲ་གང་ཡང་མེད།  མ་ཞི་ནས་ཁྱེད་ཚོར་ཞི་བའི་བཅིངས་འགྲོལ་དགོས་སམ།དྲག་པོའི་བཅིངས་འགྲོལ་དགོས་སམ། དེ་གཉིས་གདམ་ཁ་བྱས་ན་འགྲིགས་ཅེས་བརྗོད།

བོད་ཀྱི་སྐུ་ཚབ་འཐུས་མི་ལྷའུ་རྟ་ར་ནས་ངས་གནས་ཚུལ་མ་ཤེས་སྟབས་དྲིས་པ་ཡིན།  གནས་ཚུལ་དྲི་ས་མེད་པར་བཙན་ཤེད་འདི་འདྲ་གཏོང་གི་ཡོད་ན་ཁྱེད་ཚོ་ནི་མི་དར་མ་ཤེད་ཤུགས་ཡོད་མཁན་ཞིག་དང།  ང་ཚོ་ནི་བྱས་པ་ལོ་བརྒྱད་ཙམ་ཡིན་པས།གསོད་རྡུང་ག་རེ་བྱེད་མིན་ཁྱེད་ཚོའི་ལག་པར་ཡོད། ཕྱིར་ལོག་བྱེད་དགོས་ཟེར་ན་ལོག་རྒྱུ་རེད་ཅེས་དེ་ཉིན་གྱི་ཚོགས་འདུ་དེ་རྩོད་གླེང་གི་ཁྲོད་ནས་མཇུག་བསྒྲིལ།  དེ་རྗེས་ཉིན་ཤས་རིང་ཚོགས་འདུ་རྒྱུན་མཐུད་མ་ཐུབ་པར་བརྟེན།  བོད་ཀྱི་སྐུ་ཚབ་འཐུས་མི་རྣམས་ང་ཕོད་ཀྱི་བཞུགས་ཁང་དུ་ཐེངས་མང་འཛོམས་ཏེ་གྲོ་མོལ་གྱི་འཕེལ་རིམ་དང་མཇུག་འབྲས་ཇི་ཡོང་ཐད་གོ་བསྡུར་ཐེངས་མང་བྱས་པ་དང།  ང་ཕོད་ཀྱིས་ད་ང་ཚོ་རྒྱ་མིའི་ལག་པར་སླེབས་ཡོད་པས།  གསོད་གཏུབས་ཅི་བྱེད་ཁོ་ཚོའི་འདོད་པ་རེད།  དེ་འདྲའི་དབང་ཡོད་བཤད་ན་གྲོས་མཐུན་ཡོང་ཐབས་དཀའ་བ་རེད།  ང་ཚོ་ཞེད་དགོས་དོན་མེད་ཅེས་བརྗོད་ཡོད།  དེ་ལྟ་བུའི་གྲོས་མོལ་འཐོར་གཞིགས་སུ་འགྲོ་བའི་སྐབས་དེ་འདྲ་ཞིག་ལ་རྒྱ་ཕྱོགས་ནས་འབའ་པ་ཕུན་ཚོགས་དབང་རྒྱལ་ཆེད་དུ་འབྲེལ་མཐུད་བྱེད་པར་མངགས་གཏོང་བྱས་ཏེ་འབྲེལ་བ་མཐུད་ཐུག་པ་བྱུང་ཡོད།

རྩོད་གླེང་མཐའ་མ་དེ་པཎ་ཆེན་ནང་མ་སྒང་གི་གནད་དོན་དང་འབྲེལ་བའི་ཐོག་ནས་བྱུང་ཡོད།  རྒྱ་ཕྱོགས་ནས་བོད་གཞུང་དང་པཎ་ཆེན་ནང་མ་སྒང་གི་ལོ་རྒྱུས་ཐོག་གི་གནད་དོན་དེ་གྲོས་མོལ་གྱི་ནང་དུ་བཅུག་ཡོད་པར་བརྟེན།  བོད་ཀྱི་སྐུ་ཚབ་འཐུས་མིས་སླར་ཡང་རྩོད་གླེང་ཤུགས་ཆེ་བྱས་པ་སྟེ།ང་ཚོར་བོད་གཞུང་དང་རྒྱ་ནག་གཞུང་དབར་ལ་གྲོས་མོལ་བྱ་རྒྱུ་ལས།བོད་གཞུང་དང་བླ་བྲང་བཀྲིས་ལྷུན་པོའི་དབར་ལ་གྲོས་མོལ་བྱ་རྒྱུའི་བཀའ་མངགས་གང་ཡང་གནང་མེད་ལ་ང་ཚོར་དབང་ཚད་ཀྱང་མེད་ཅེས་བརྗོད་པར།  རྒྱ་ཕྱོགས་ཀྱི་འཐུས་མིས་ཁྱེད་ཚོ་ནང་ཁུལ་གྱི་གནད་དོན་ཐག་གཅོད་མ་བྱས་ཚེ་གྲོས་མཐུན་ལ་མིང་རྟགས་འགོད་ཐབས་བྲལ་བ་རེད་ཅེས་རྫིག་ཉམས་བསྟན་པར།  བོད་ཀྱི་འཐུས་མི་ང་ཕོད་ནི་དེ་འདྲ་ཡིན་ན་གྲོས་མཐུན་ཡོང་ཐབས་ཤིན་ཏུ་དཀའ་བོད་ཀྱི་སྐུ་ཚབ་གཞན་དག་རྣམས་བོད་ལ་བདེ་འཇགས་ངང་སྐྱེལ་རོགས་གནང། ང་རང་ནི་ཆབ་མདོ་བཅིངས་འགྲོལ་ལྷན་ཁང་གི་ཁོངས་གཏོགས་ཡིན་པས།ཆབ་མདོར་རྒྱུག་ཟེར་ནའང་འགྲོ་རྒྱུ་ཡིན་ལ།པེ་ཅིང་དུ་སྡོད་ཟེར་ནའང་སྡོད་རྒྱུ་ལས་འོས་མེད་ཅེས་བརྗོད་ཏེ་ཚོགས་འདུ་ཉིན་ཤས་འཚམས་ཆད།དེ་རྗེས་ཉིན་ཤས་སོང་རྗེས་འབའ་པ་ཕུན་དབང་གིས་འབྲེལ་མཐུད་བྱས་ཏེ་མཐར་སྤྱི་ལོ་ ༡༩༥༡ ཟླ་ ༥ ཚེས་༢༣  ཉིན་གྲོས་མཐུན་དེར་དངོས་སུ་མིང་བརྟགས་བཀོད་ཡོད།

བཞི་པ།    མཇུག་བསྡོམས།

རྒྱ་ནག་དབང་བསྒྱུར་འོག་ཡོད་པའི་མི་རིགས་སུ་འདྲ་ཞིག་ལ་ད་བར་རྒྱ་གཞུང་གིས་གྲོས་མཐུན་དེ་འདྲ་ཞིག་འཇོག་མྱོང་མེད་པ་དེའི་ཐོག་ནས་བོད་དེ་ཆབ་སྲིད་ཀྱི་གནས་བབ་དང་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་ཆེས་དམིགས་བསལ་ཅན་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་ལ། གྲོས་མཐུན་གྱི་གླེང་གཞིའི་ནང་ཕྱོགས་གཅིག་ནས་བོད་དེ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་དགོས་ཅེས་བརྗོད་ཡོད་པ་དེའི་ཐོག་ནས། གྲོས་མཐུན་དེ་མ་བཞག་པའི་གོང་རོལ་དུ་བོད་དེ་མེས་རྒྱལ་ཞེས་སུ་གྲགས་པའི་རྒྱ་ནག་གི་མངའ་ཁོངས་སུ་མེད་པ་དོན་གྱིས་ཁས་ལེན་བྱས་ཡོད།

Leave a Reply

Your email address will not be published. Required fields are marked *