བཙན་འོག་གི་རྩོམ་པ་པོར་རྗེས་དྲན།

      November 16, 2018:14 AM

སྤྱི་ལོ་ ༢༠༡༨ ཟླ ༡༡ ཚེས་ ༡༥ ཉིན་ནི་རྒྱལ་སྤྱིའི་བཙན་འོག་གི་རྩོམ་པ་པོར་རྗེས་དྲན་བྱེད་པའི་ཉིན་མོ་ཞིག་ཡིན་པ་དང། འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་སྤྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དུས་དྲན་དེར་རྗེས་དྲན་བྱེད་པའི་ལས་འགུལ་སྤེལ་མུས་ཡིན་པ་ལྟར། འདི་ལོ་ཡང་དུས་ཚིག་དེ་དང་སྟབས་བསྟུན་ནས་<<ནགས་ཚལ་ཁྲོད་ཀྱི་བོད་ཀྱི་གླུ་དབྱངས་དང་སྙན་ངག་མཚན་ཚོགས་>>ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད། ལས་འགུལ་དེ་ནི་དུས་རྒྱུན་གྱི་སྐད་འབོད་དང་མར་མེའི་ཁྲོམ་སྐོར། དེ་བཞིན་རྣམ་པ་འདྲ་མིན་མཛད་སྒོ་འཚོགས་པ་ལྟ་བུའི་ལས་འགུལ་ཞིག་མ་ཡིན་པར་རྣམ་པ་གསར་པ་ཞིག་གི་འོག་ནས་ལས་འགུལ་སྤེལ་བཞིན་ཡོད། དེ་ཡང་ལས་འགུལ་སྤེལ་སའི་ས་གནས་ནི་རྡ་རམ་གྷོ་ཀྲའི་མཚན་མོའི་ནགས་ཚལ་ཀྱི་ཁྲོད་དུ་ཡིན་པ་དང། ལས་འགུལ་ནང་མཉམ་བཞུགས་བྱེད་མཁན་དང་ཆ་ཤས་ལེན་མཁན་ནི་དམིགས་བསལ་གྱི་སྐུ་མགྲོན་སོགས་རིམ་སྤེལ་གཏམ་བཤད་བྱེད་པ་ལྟ་བུ་མ་ཡིན་པར། སྙན་ངག་པ་དང་།་རྩོམ་པ་པོ།་གཞས་པ་སོགས་ཀྱིས་སོ་སོའི་ཐུགས་འདོད་ལྟར་སྙན་ངག་སྒྲོག་སྦྱང་བྱེད་པ་དང། རོལ་དབྱངས་དཀྲོལ་གཏོང་བྱེད་པ། ཡང་ན་གཞས་དང་ཞབས་བྲོ་སོགས་འཁྲབ་སྟོན་བྱས་ཏེ། རྒྱའི་བཙན་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་གཞིས་བཞུགས་རྩོམ་པ་པོ་དང། སྒྱུ་རྩལ་པ། གཞས་པ་གཞས་མ་སོགས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཐབས་བྱ་རྒྱུ་དེ་རེད། མེ་གོང་སྤར་ནས་དེའི་མཐའ་སྐོར་དུ་མི་ཚང་མ་བཞུགས་གྲལ་དུ་འཁོད་རྗེས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བཀྲིས་ནས་ལས་འགུལ་དེ་འདྲ་ཞིག་སྤེལ་དགོས་པའི་དམིགས་ཡུལ་དུ་རྒྱབ་ལྗོངས་ངོ་སྤྲོད་གནང་བ་དང། དེ་རྗེས་ལས་རིམ་གཙོ་སྐྱོང་བ་བསྟན་འཛིན་བརྩོན་འགྲུས་ལགས་ནས་ལས་རིམ་གཙོ་སྐྱོང་གི་ཐོག་ནས་སྙན་ངག་པ་དང་།གཞས་པ། རོལ་དབྱངས་དཀྲོལ་གཏོང་གནང་མཁང་ཚོས་སོ་སོའི་ཆ་ཤས་བླངས་ཡོད།

ད་ཐེངས་ཀྱི་ལས་འགུལ་དེའི་ཐོག་བོད་ཀྱི་སྙན་ངག་པ་དང། རྩོམ་པ་པོ། གཞས་གཏོང་མཁན་ཙམ་མ་ཟད། རྒྱ་གར་ས་གནས་ཡུལ་མི་དང་།དེ་བཞིིན་འཛམ་གླིང་ས་གནས་གང་ས་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་དང་། ཕྱི་རྒྱལ་ཡུལ་སྐོར་སོགས་མི་གྲངས་ ༡༢༠ ལྷག་ཙམ་མཉམ་བཞུགས་གནང་ཡོད་པ་དང། སྙན་ངག་སྒྲོག་སྦྱང་དང་གཞས་གཏོང་མཁན་གྱི་ནང་དུའང་ཆ་ཤས་ལེན་མཁན་ནི་བོད་མི་ཙམ་མ་ཟད། ས་གནས་རྒྱ་གར་བ་དང་ཕྱི་རྒྱལ་གྱི་མི་སྣ་མང་པོས་ཆ་ཤས་བླངས་ཏེ་གཞིས་བཞུགས་རྩོམ་པ་པོ་དང་སྒྱུ་རྩལ་མཁན་གྱིས་མྱོང་བཞིན་པའི་ཁོ་ཚོའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེས་གནང་ཡོད་ཅིང་། ལོ་ནའི་གྲུབ་ཆའི་ཐོག་ནས་བཤད་ན་གཞི་རིམ་སློབ་ཆུང་དུ་འགྲོ་བཞིན་པའི་ལོ་ན་བཅུ་གྲངས་ལས་མ་གསོན་པའི་ལོ་ཆུང་གི་བྱིས་པ་ཚོས་ཀྱང་སྙན་ངག་སྒྲོག་སྦྱང་དང་གཞས་གཏོང་བ་སོགས་ལས་འགུལ་གྱི་རྣམས་པ་ཧ་ཅང་འཁྲུགས་ཆ་དོད་ལ་གསོན་ཉམས་ལྡན་པ་ཞིག་བྱུང་ཡོད་།དེ་རྗེས་ཚང་མས་མེ་གོང་གི་མཐའ་སྐོར་དུ་མྱང་ཐུག་བཏུང་ནས་མུ་མཐུད་ནས་སྙན་ངག་སྒྲོག་སྦྱང་དང་གཞས་དང་རོལ་དབྱངས་སོགས་དཀྲོལ་གཏོང་གནང་བ་དང། མཚན་མོའི་ཕྱག་ཚོད་དགུ་པའི་ཐོག་ལས་འགུལ་མཇུག་བསྒྲིལ་ཞིང།བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་དཔལ་འབྱོར་འགན་འཛིན་བསོད་རྣམས་རྡོ་རྗེ་ལགས་ནས་མཇུག་བསྡུའི་གཏམ་བཤད་གནང་ཡོད།

Leave a Reply

Your email address will not be published. Required fields are marked *