བལ་ཡུལ་བོད་ཡུལ་དུ་བསྒྱུར་རྒྱུའི་ཐབས་བྱུས།

      October 5, 2018:06 AM

ཨ་རིས་གཙོས་པའི་ནུབ་ཕྱོགས་པའི་སྣེ་ཁྲིད་ཀྱི་འོག་རྒྱ་ནག་ལ་བསྒྱུར་བཅོས་སྒོ་དབྱེ་ཞེས་པའི་དཔལ་འབྱོར་དང་ཚོང་འབྲེལ་རྩ་བར་འཛིན་པའི་ལོ་ངོ་བཞི་བཅུའི་ནང་རྒྱ་མི་རང་ཉིད་ཀྱིས་བཤད་པ་ལྟར་གནམ་ས་བླ་འོག་གི་འཕོ་འགྱུར་དང་ཡར་རྒྱས་བྱུང་བ་དེ་ནི་དོན་དངོས་ཅིག་ཡིན་པ་དང།ཐ་ན་ཨ་རིའི་གཞུང་གིས་སྐབས་ཤིག་གི་རིང་བོད་དོན་འཐབ་རྩོད་ལ་རོགས་རམ་བྱེད་པའི་རྣམ་པ་ཐམས་བཅད་མཚམས་འཇོག་བྱས་པ་མ་ཟད།༸གོང་ས་མཆོག་ཀྱང་ཨ་རིའི་ཕེབས་མི་ཆོག་པ་དང།  ཐ་ན་ཁོང་གི་སྐུ་པར་ཡང་འགྲེམས་སྤེལ་མི་ཆོག་པའི་ཐག་གཅོད་བྱས་ཏེ། ཨ་རི་བའི་རེ་བའི་མིག་གཏོད་ཡོད་ཚད་རྒྱ་ནག་ལ་ཕྱོགས་པ་དང་ཆབས་ཅིག  ཨ་རིའི་མཐུན་ཕྱོགས་སུ་གྱུར་བའི་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཀྱང་ཚང་ཁ་ཤིག་ཤིག་གི་སྒོ་ནས་ཨ་རིའི་རྗེས་སུ་དྲངས་ནས་བློ་ཁ་རྒྱ་ནག་ལ་ཕྱོགས། ཐོབ་པར་དཀའ་བའི་གོ་སྐབས་དེ་དག་ལ་བརྟེན་ནས་རྒྱ་ནག་དེ་རིམ་བཞིན་ཉིན་ཧོང་དང།ཧྥ་རན་སི།འཇར་མན་སོགས་ལས་རྣམ་པར་རྒྱལ་ཏེ་ད་ཆ་ཨ་རིའི་རྗེས་བསྙེགས་བྱེད་བཞིན་ཡོད་པ་མ་ཟད།  དཔལ་འབྱོར་གྱི་གནས་བབ་དེ་དག་བེད་སྤྱོད་ལོག་པ་བྱས་ཏེ་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་རྒྱ་མི་རིགས་ཅན་དུ་བསྒྱུར་བཅོས་གཏོང་མུས་ཡིན་པ་མ་ཟད།སྲིད་ཇུས་དེ་ད་ལྟ་རྒྱལ་འཚམས་བརྒལ་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ནང་དུའང་སྤེལ་མུས་ཡིན་ཞིང།བལ་ཡུལ་ནི་དེའི་ཁྲོད་ཀྱི་དཔེ་མཚོན་ཅན་ཞིག་རེད།

ཞི་ཅིང་ཧྤིང་གི་རྒྱུད་གཅིག་ལམ་གཅིག་ཞེས་པའི་དཔལ་འབྱོར་གྱི་ཐབས་བྱུས་འོག་ད་ལྟ་བལ་ཡུལ་ནང་རྒྱ་སྒོར་དུང་ཕྱུར་མང་པོའི་འཛུགས་སྐྲུན་གྱི་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་བྱེད་བཞིན་ཡོད་ཅིང།  དེ་དག་མང་ཆེ་བ་ནི་བལ་ཡུལ་ནང་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་རྒྱུ་དང། རྒྱ་མི་རིགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ་དེ་རེད།  འཆར་འགོད་ཀྱི་པར་རིས་འདི་ནི་རྒྱ་བལ་གཉིས་ཀྱིས་གཏན་འཁེལ་ཟིན་པའི་རྒྱ་བལ་མཛའ་གྲོགས་བཟོ་ལས་གླིང་ཞེས་པ་དེ་ཡིན་ཞིང།  དེ་ནི་བལ་ཡུལ་གྱི་ཤར་ལྷོའི་ཁུལ་གྱི་ཏའོ་མའོ་ཁག་ཞེས་པའི་གྲོང་ཁྱེར་དུ་ཡིན་པ་དང། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མ་ཀྲོ་ནས་སྤྱི་ལེ་ ༣༠༠ ཡི་སར་གནས་ཡོད་ཅིང།  བལ་ཡུལ་ནང་འདི་དང་འདི་ལྟ་བུའི་འཛུགས་སྐྲུན་གྱི་རྣམ་གྲངས་འབོར་ཆེན་ཞིག་བྱེད་མུས་ཡིན་པས་མཐར་བལ་ཡུལ་དེ་ཡང་བོད་ཡུལ་གཉིས་པ་ལྟ་བུར་འགྱུར་ངེས་རེད།

Leave a Reply

Your email address will not be published. Required fields are marked *