བོད་ཀྱི་བེུད་ཅིག་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་འདུག

      January 22, 2018:57 AM

རྒྱ་ནག་དམར་ཤོག་ཚོགས་པ་ནི་རྒྱ་ནག་གི་ཡོད་ཚད་ལ་འགོ་ཁྲིད་བྱེད་མཁན་ཞིག་ཡིན་པ་དང། རྒྱལ་ཡོངས་མི་དམངས་ཀྱིས་དམར་ཤོག་ཚོགས་པའི་བཀོད་འདོམས་འོག་ཤར་བསྐྱོད་བྱེད་དགོས་པ་ནི་ལབ་གླེང་གང་ཡང་མེད་པ་ཞིག་ཡིན་པ་དམར་ཤོག་ཚོགས་པའི་སྒྲིག་ཡིག་ནང་བཀོད་ཡོད།  དེར་བརྟེན། ཞིང་ཆེན་དང་རང་སྐྱོང་ལྗོངས།  ཐ་ན་ལས་ཁུངས་ཁག་དང་ཚན་པ་ཁག་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་གོ་གནས་དེ་གལ་གནད་ཤིན་ཏུ་ཆེན་པོ་ཡིན་པ་དང།  བརྟག་དཔྱད་དང་ཞིབ་འཇུག་ཡང་ཡང་བྱེད་དགོས་པ།  ཕྲལ་ཕུགས་རྒྱང་གསུམ་ལ་བསམ་གཞིགས་ནན་བྱས་ཏེ་གཞི་ནས་གཏན་འཁེལ་བྱེད་ཀྱི་ཡོད། གནས་སྟངས་དེ་འདྲའི་འོག་ད་ལྟའི་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཚང་མ་རྒྱ་མི་ཡིན་པ་མ་ཟད། ལས་ཁུངས་ཁག་དང་ཚན་པ་ཁག་གི་ལས་རྐང་འཛིན་མཁན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡང་ཧ་ལམ་ཡོད་ཚད་རྒྱ་མི་ཤ་སྟག་རེད། ཡིན་ནའང། སྤྱི་ལོ་ ༢༠༡༨ ཟླ་༡ ཚེས་ ༢༡ ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་ནང་གསལ་བསྒྲགས་སྤེལ་བར་གཞིགས་ན།  བོད་མོ་ཚུས་ཡིས་དབྱིང་རྒྱ་ནག་གི་ཧྥུ་ཅན་ཞིང་ཆེན་སྲིད་གྲོས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་འདུག ཧྤུ་ཅན་ཞིང་ཆེན་ནི་རྒྱ་ནག་གི་ཤར་ལྷོའི་མཚོ་རྒྱུད་ཀྱི་དཔལ་འབྱོར་དར་རྒྱས་ཆེ་བའི་མངའ་སྡེ་གལ་ཆེན་ཞིག་ཡིན་པ་མ་ཟད།  ཐེ་ཝན་དང།  ཧོང་ཀོང་སོགས་ཀྱི་ལས་དོན་དང་ཐད་ཀའི་འབྲེལ་བ་ཡོད་པའི་གལ་ཆེའི་མངའ་སྡེ་ཞིག་ཀྱང་རེད།  ཞིང་ཆེན་དེའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་སྲིད་གྲོས་ཀྱི་ལས་དོན་ནི་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་ཐེ་ཝན་དང་ཧོང་ཀོང་གི་གནད་དོན་དང་ཐད་ཀར་འབྲེལ་བ་ཡོད་ཅིང།  ཟླ་ཤས་གོང་ཧྤུ་ཅན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཡའུ་ཆོན་ཡིས་འདས་པའི་ལོ་ངོ་ཁ་ཤས་རིང་ཐེ་ཝན་དང་ཧོང་ཀོང་སོགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཐད་གལ་ཆེའི་གྲུབ་འབྲས་བླངས་པར་བརྟེན།  ཞི་ཅིང་ཕིང་གིས་ཁོ་པ་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཆེས་མཐོའི་འགན་འཛིན་དུ་བསྐོ་བཞག་བྱས་ཡོད།

 

ཚུས་ཡིས་དབྱིང་བོད་རིགས་ཡིན་པ་དང།  ད་ལྟ་ལོ་ན་ ༥༩  སླེབས་ཡོད།  དེ་སྔ་ལོ་རབས་རྒྱ་བཅུའི་ནང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་སློབ་གྲྭ་ཆེན་མོའི་དགེ་རྒན་བྱས་པ་དང།  དེ་རྗེས་བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་ཁང་དང་། འཆར་འགོད་ཁང་སོགས་ལས་གནས་མང་པོའི་ཐོག་ཐེག་པ་རིམ་འཛེགས་བྱས་ཏེ་སྤྱི་ལོ་ ༢༠༠༢ ལོ་ནས་སྤྱི་ལོ་ ༢༠༠༦ ལོ་བར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་གཞི་གཞོན་པའི་ལས་འགན་འཁུར་བ་དང། སྤྱི་ལོ་ ༢༠༡༡ ལོར་རྒྱ་ནག་དབུས་ཕྱི་ཕྱོགས་གཞུང་དོན་ཁང་དང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱས་ཡོད། སྤྱི་ལོ་༢༠༡༨ ཟླ་ ༡ ཆེས་ ༢༠ ཉིན་ཧྤུ་ཅན་ཞིང་ཆེན་སྲིད་གྲོས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད།སྲིད་གྲོས་ཞེས་པའི་ཐ་སྙད་དེ་ནི་ཆབ་སྲིད་གྲོས་ཚོགས་ཟེར་བའི་ཐ་སྙད་དེ་བསྡུས་ཚིག་ཐོག་ནས་བརྗོད་པ་ཞིག་ཡིན་པ་དང། ཆབ་སྲིད་གྲོས་ཚོགས་ནི་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཡིན་པ་དང།  ཧྤུ་ཅན་ཞིང་ཆེན་ལ་ཆ་མཚོན་ན་རྒྱ་ནག་གི་ཞིང་ཆེན་དང་མངའ་སྡེ་གཞན་དང་མི་འདྲ་བར་ཐེ་ཝན་དང། ཧོང་ཀོང། མཱ་ཀའོ་ཝ་སོགས་ཀྱི་ལས་དོན་དང་ཐད་ཀའི་འབྲེལ་བ་ཡོད་ཅིང།  འདས་པའི་ལོ་ཤས་ནང་ཧོང་ཀོང་རང་བཙན་དང་ཐེ་ཝན་རང་བཙན་སོགས་ཀྱི་རྣོ་ངར་རང་བཞིན་གྱི་འཐབ་རྩོད་ཀྱི་ལས་འགུལ་རབ་དང་རིིམ་པ་ཞིག་བྱུང་བར་བལྟས་ན་། ཞིང་ཆེན་དེའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགན་དེ་ཇི་ལྟ་བུའི་གལ་ཆེན་ཡིན་པ་རྟོགས་སླ་བ་ཞིག་རེད། དེ་འདྲའི་གལ་གནད་ཆེ་བ་དང་རྙོགས་འཛིངས་ཆེ་བའི་སྡེང་ཆ་ཞིག་གི་ཐོག་བོད་ཀྱི་བེུད་ཅིག་འཇོག་དགོས་དོན་གང་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *