བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་འགྲེམས་སྟོན་དབུ་འབྱེད།

      September 28, 2018:39 AM

དེ་རིང་ནི་སྤྱི་ལོ་ ༡༩༨༧ ལོའི་ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ལྷ་སའི་འབྲས་སྤུངས་དགོན་པའི་དགེན་འདུན་པ་ཉེར་གཅིག་གིས་སྣེ་ཁྲིད་པའི་ཞི་རྒོལ་གྱེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༣༡ འཁོར་བ་དང། འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༢༧འཁོར་བའི་དུས་དྲན་གཉིས་འཛོམས་ཀྱི་ཉིན་མོ་ཞིག་ཡིན་པ་དང།  དུས་དྲན་འདི་གཉིས་དང་སྟབས་སྟུན་ནས་འདི་ག་ཚོགས་པའི་ངོས་ནས་ཕྱོགས་གཅིག་ནས་དུས་དྲན་དེ་གཉིས་ལ་དྲན་གསོ་ཞུ་བ་དང།  ཕྱོགས་གཞན་ཞིག་ནས་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་མ་བྱས་པའི་གོང་གི་བོད་རང་བཙན་སྐབས་ཀྱི་གནས་སྟངས་དང།  དེ་རྗེས་སྤྱི་ལོ་ ༡༩༥༠ ལོར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱེད་པའི་རྒྱུད་རིམ་དང། བཙན་འཛུལ་བྱས་རྗེས་ཀྱི་འདས་པའི་མི་ལོ་དྲུག་བཅུ་ལྷག་ཙམ་གྱི་རིང། བོད་མི་མང་གིས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་དཀའ་སྡུག་མྱངས་པའི་ལོ་རྒྱུས་ཀྱི་དུས་སྐབས་རིམ་པའི་གནས་སྟངས་མཚོན་པའི་པར་རིས་དང་། པར་རིས་སོ་སོའི་འགྲེལ་བཤད། དེ་བཞིན་ད་ལྟའི་དུས་སྐབས་ཀྱི་བོད་ནང་ཀྱི་ཆབ་སྲིད་དང། ཤེས་ཡོན་། སྐ་ཡིག འཁོར་ཡུག བེུད།ཆོས་ལུགས་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་མཚོན་པའི་འགྲེམས་སྟོན་གསར་བཟོ་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོ་ཞིག་བཞུགས་སྒར་CLUB HOUSE རུ་འཚོགས་བྱས་ཡོད།

དབུ་འབྱེད་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱ་ར་ཡེ་ཤེས་ཕུན་ཚོགས་མཆོག་ཆེད་དུ་གདན་ཞུ་ཕུལ་བ་ལྟར།ཆེད་ཕེབས་གནང་བ་དང། དེ་ཡང་ཐོག་མར་ཉིན་དགུང་ཕྱག་ཚོད་དང་པོ་དང་ཕྱེད་ཀའི་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་དབུ་འབྱེད་ཀྱི་དར་མཚོན་ཕྱེ་ནས་འགྲེམས་སྟོན་ཁང་དུ་ཆིབ་བསྒྱུར་གནང་བ་དང། ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཀྱིས་པར་རིས་རེ་རེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ནང་དོན་སོགས་སྐུ་མགྲོན་གཙོ་བོ་མཆོག་ལ་འགྲེལ་བཤད་ཞུས་པ་དང། གཟིགས་ཞིབ་གྲུབ་རྗེས་ཚང་མ་བཞུགས་གྲལ་དུ་འཁོད་པ་དང། དབུ་འབྱེད་གཙོ་སྐྱོང་བ་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ནས་ད་ཐེངས་འདི་ག་ཚོགས་པའི་ངོས་ནས་འགྲེམས་སྟོན་འདི་འདྲ་ཞིག་གསར་བཟོ་བྱེད་དགོས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང། ཆབ་སྲིད་ཀྱི་དོན་སྙིང་སོགས་ངོ་སྤྲོད་གནང་བ་དང། སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་མཆོག་ནས་ད་ལྟའི་རྒྱལ་སྤྱིའི་ཐོག་གི་བོད་དོན་འཐབ་རྩོད་ཀྱི་གནས་བབ་དང།  རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མི་མང་གིས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་པའི་འཕེལ་རིམ་སོགས་ངོ་སྤྲོད་གསུང་བཤད་གནང་བ་མ་ཟད།  ལྷག་པར་དུ་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་དོན་ཁག་དང། སྤྱི་ལོ་ ༢༠༡༩ ལོ་ནི་༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་དྲུག་བཅུ་ཧྲིལ་པོ་འཁོར་བའི་དུས་སྐབས་དམིགས་བསལ་ཅན་ཞིག་ཡིན་པར་བརྟེན།དུས་སྐབས་དེ་དང་སྟུན་ནས་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་བོད་ནང་གི་ཆབ་སྲིད་དང། ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་མཚོན་པའི་འགྲིམས་འགྲུལ་འགྲེམས་སྟོན་འདི་འདྲ་ཞིག་གསར་བཟོ་ལེགས་གྲུབ་བྱུང་བ་དེ་ནི་དུས་ལ་བབ་པའི་ལས་དོན་གལ་ཆེན་ཞིག་པ་དང།  འགྲེམས་སྟོན་དེས་བོད་ནང་གི་དོན་དངོས་ཀྱི་གནས་སྟངས་ངོ་སྤྲོད་དང་ཁྱབ་བསྒྲགས་ཡོང་རྒྱུར་དོན་སྙིང་དང་རིན་ཐང་ཆེན་པོ་ཡོད་སྐོར་ནན་གསུངས་གནང་ཡོད།  དབུ་འབྱེད་ཀྱི་མཛད་རིམ་གྲུབ་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང། དེ་བཞིན་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་དང། ཚོགས་གཞོན་ཟླ་བ་བཀྲིས་བཅས་ཀྱིས་ཕྱོགས་སོ་སོས་ཕྱི་ནང་གསར་འགོད་པའི་བཅའ་དྲི་དང་ལེན་གནང་བ་དང།  ཕྱི་དྲོའི་ཕྱག་ཚོད་ལྔ་པ་བར་ཕྱི་ནང་གི་མི་མང་རྣམས་ལ་གཟིགས་འབུལ་ཞུས་ཡོད།

Leave a Reply

Your email address will not be published. Required fields are marked *