བོད་མི་ལྔ་འཇུ་བཟུང་བྱས་འདུག

      April 21, 2017:26 AM

རྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན།   སྤྱི་ལོ་   ༢༠༡༧  ཟླ་  ༤  ཚེས་  ༡༥  ཉིན་ཁམས་དཀར་མཛེས་རྫོང་ཐོག་ཏུ་བོད་མི་དབང་ཕྱུག་ཚེ་བརྟན་གྱིས་རང་ལུས་མེར་བསྲེགས་བཏང་བར་བརྟེན།   རྒྱ་ནག་གཞུང་གིས་དེ་ཁུལ་དུ་ཕྱོགས་ཡོངས་ནས་དམ་དྲག་དང་བཙན་གནོན་བྱས་ཏེ་མི་སྣ་གང་བྱུང་འཇུ་བཟུང་བྱེད་པའི་གནས་ཚུལ་ཐོན་བཞིན་ཡོད།  དེ་ཡང་བོད་མི་ཞིག་གིས་རྒྱུད་ལམ་ཁག་ལ་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན།  བོད་མི་དབང་ཕྱུག་ཚེ་བརྟན་ལགས་ཀྱི་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་དཀོན་མཆོག་རྒྱལ་མཚན་དང།   ཉི་མ་ཚེ་རིང།  ཚེ་རིང་རྒྱ་མཚོ་བཅས་འཇུ་བཟུང་བྱས་ཏེ་ད་ལྟ་བཀག་ཉར་ཁང་ནང་གནས་ཡོད་མུས་རེད་འདུག དེ་ཡང་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་མ་བཏང་ཙམ་གྱི་གོང་དུ་གོང་འཁོད་མི་སྣ་གསུམ་ལ་ཁ་པར་བཏང་སྟེ།  ངའི་ཁ་པར་ཨ་མ་ལོ་ལོན་ཞིག་ལ་བཅོལ་བཞག་ཡོད།   ཁྱེད་ཚོས་ངེས་པར་དུ་ཁ་པར་དེ་ལེན་རོགས་ཞེས་མངགས་བྱ་བྱས་ཡོད་པར་བརྟེན  མི་སྣ་དེ་དག་ལ་ཁ་པར་བླངས་པའི་ཉེས་མིང་འོག་ནས་འཇུ་བཟུང་བྱས་པ་ཞིག་རེད་འདུག  ས་གནས་ཉེན་རྟོག་པས་ཁ་པར་བཙན་འཕྲོག་བྱས་པར་བརྟེན།  ཁ་པར་ནང་སྐད་ཆ་ག་རེ་བཤད་ཡོད་པ་དང་གནས་ཚུལ་ཇི་འདྲ་ཡོད་པ་ད་བར་སུས་ཀྱང་ཤེས་རྟོགས་བྱུང་མེད།

གཞན་ཡང་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་སྐབས་བརྙན་པར་བླངས་པའི་ཉེས་མིང་འོག་ནས་མི་སྣ་གཉིས་འཇུ་བཟུང་བྱས་ཡོད་ཀྱང།   ཁོང་རྣམས་གཉིས་ཀྱི་མིང་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མི་འདུག  གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་གསུངས་དོན་ལ།   བོད་མི་དབང་ཕྱུག་ཚེ་བརྟན་ད་ཆ་སྐུ་གྲོངས་ཟིན་པ་དང།  ས་གནས་དེ་ཁུལ་དུ་རྒྱ་ནག་གཞུང་གིས་ཉེན་རྟོག་པ་མང་པོ་བཀྲམ་ནས་མི་མང་ལ་བསུན་བཙིར་ཆེན་པོ་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད།  དབང་ཕྱུག་ཚེ་བརྟན་ལགས་ནི་ཉག་རོང་རྫོང་ཨ་བསེ་བཞི་མདོ་གྲོང་ཚོ་ནས་ཡིན་པ་དང།  ཕ་རྡོ་རྗེ་དཔལ་བཟང་ལགས་ཚེ་ལས་འདས་ཟིན་པ་དང་མ་ཡི་མཚན་ལ་ཤེར་ལུ་ཟེར་ཞིང།  ཁོང་དང་བཟའ་ཟླ་བདེ་འཚོ་གཉིས་ལ་ཕྲུ་གུ་བཞི་ཡོད་པ་དང།  ད་ལྟ་རང་ལོ་  ༣༩  ལ་རེད་འདུག

 

 

Leave a Reply

Your email address will not be published. Required fields are marked *