མགར་བརྩེ་འཇིགས་མེད་གློད་བཀྲོལ་བཏང་འདུག

      February 5, 2018:36 AM

གསར་འགྱུར་རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན། བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་ཆབ་སྲིད་བཙོན་པ་

མགར་རྩེ་འཇིགས་མེད་ལགས་སྤྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༤ ཉིན་བཙོན་གྲོལ་བཏང་བའི་གནས་ཚུལ་ཐོན་འདུག དེ་ཡང་སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡ ཉིན་གྱི་ཕྱི་དྲོའི་ཚོུད་བཞི་པ་ཙམ་ལ་རྒྱ་གཞུང་འབྲེལ་ཡོད་ཚན་པས་མགར་རྩེ་འཇིགས་མེད་ལགས་འཇུ་བཟུང་བྱས་པ་དང། ཟླ་ངོ་བཞི་ལྷག་ཙམ་དྲིི་བརྩད་བྱས་ཏེ་མཐར་ཁོང་གིས་བརྩམས་པའི་<<བཙན་པོའི་སྙིང་སྟོབས་>>ཞེས་པའི་དེབ་ཕྲེང་གཉིས་པའི་ནང་ཁ་བྲལ་གྱི་བརྗོད་བྱ་ཡོད་པའི་ཉེས་འཛུགས་འོག་ལོ་དེའི་ཟླ་ ༥ ཚེས་ ༡༤ ཉིན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་མི་ལོ་ ༥ ཡི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད།མགར་རྩེ་འཇིགས་མེད་ལགས་ནི་སྤྱི་ལོ་ ༡༩༧༦ ལོར་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་མགོན་ཤུལ་ཚོ་པ་བཅུའི་ནང་ཚན་སྒར་པ་རུ་སྐྱེས། སྤྱི་ལོ་ ༡༩༩༥ ལོར་མགར་རྩེ་དགོན་པར་ཆོས་བཞུགས་མཛད་ནས་བོད་རྒྱུད་ནང་པའི་མདོ་བསྔགས་རིག་གནས་ལ་སྦྱང་པ་གནང་ཞིང། སྤྱི་ལོ་ ༢༠༠༢ ལོར་ཕར་ཕྱིན་རབ་བྱམས་པའི་དམ་བཅའ་འཇོག་གནང་མཛད་ཡོད། ཁོང་ནི་བོད་ཀྱི་ཆོས་དང་རིག་གཞུང་དང་སྐད་ཡིག་སོགས་ལ་དུང་ཞེན་ཡོད་པའི་ཆོས་པ་རྣམ་དག་ཞིག་ཡིན་པ་དང། སྔ་རྗེས་སུ་རྣམ་པ་འདྲ་མིན་གྱི་དུས་དེབ་སོགས་ཀྱི་སྟེང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་དང་འབྲེལ་བའི་རྩོམ་ཡིག་ ༢༠༠ ལྷག་ཙམ་སྤེལ་ཡོད། སྤྱི་ལོ་ ༢༠༠༥ ལོར་ཁོང་གིས་<<བསམ་གཞིགས་མྱུལ་བའི་ཟིན་ཐོ་>>ཞེས་པ་གསར་རྩོམ་བྱས་ཏེ་སྤྱི་ཚོགས་ཐོག་དགའ་བསུ་ཆེན་པོ་ཐོབ་ཡོད། སྤྱི་ལོ་ ༢༠༠༨ ལོར་ཁོང་གིས་བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་ཕྲེང་དང་པོ་པར་འགྲེམས་བྱས་ཏེ།རྒྱ་གཞུང་གི་བཙན་གནོན་འོག་བོད་མི་རིགས་ལ་འཕྲད་བཞིན་པའི་དཀའ་སྡུག་དག་གསལ་འདོན་བྱས་ཡོད་པར་བརྟེན།རྒྱ་གཞུང་འབྲེལ་ཡོད་ཚན་པས་ཁོང་ལ་སྔ་རྗེས་སུ་འདྲི་གཅོད་གནོན་ཤུགས་སྤྲད་མཐར་གློད་བཀྲོལ་བཏང་ཡོད།

ཁོང་གིས་དགོན་པར་སློབ་གཉེར་གཅིག་པུར་འབད་ནས་བཞུགས་མཁན་ཞིག་མ་ཡིན་པར། ད་དུང་བོད་ཀྱི་ས་ཕྱོགས་གང་སར་ཕེབས་ནས་བོད་ཀྱི་རིག་གནས་འཆད་འཁྲིད་གནང་མཁན་གྱི་དགེ་བའི་ཤེས་གཉེན་ཞིག་ཀྱང་རེད། དེ་བཞིན་ཁོང་གིས་ད་དུང་བོད་ཀྱི་མི་རབས་གསར་པ་རྣམས་ཀྱི་  རང་གི་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་ལ་བཅངས་པའི་དུང་ཞེན་དང་ལྷག་བསམ་ཡར་སྐུལ་གྱི་ཆེད་སློབ་གསོའི་བྱ་དགའ་དང་རྩོམ་རིག་གི་བྱ་དགའ་ཐེངས་བཅུ་ལྷག་སྤེལ་མྱོང་ཡོད་པ་དང། སྤྱི་ལོ་ ༢༠༡༠ ལོར་ཁོང་གིས་ད་དུང་བོད་ཀྱི་སྒེར་གཉེར་རྩོམ་རིག་ཚོགས་པ་ཞེས་པ་གསར་བསྡུ་མཛད་པ་མ་ཟད། ཁོང་རང་ཉིད་ཚོགས་པ་དེའི་ཚོགས་གཙོར་བདམས་ཐོན་བྱུང་ཡོད། ཁོང་གིས་དུས་སྐབས་དེའི་རིང་བོད་ནང་གི་རྩོམ་པ་པོ་ཁག་གཅིག་ལ་དཔལ་བེའུ་རྩོམ་རིག་གཟེངས་རྟགས་ཞེས་པའི་བྱ་དགའ་སྤྲད་ནས་བོད་ཀྱི་ན་གཞོན་ཚོས་བོད་མི་རིགས་ཀྱི་རྩོམ་རིག་ཡར་རྒྱས་གཏོང་རྒྱུར་སྐུལ་ལྕགས་ཧ་ཅང་ཆེན་པོ་བཏང་ཡོད། མདོར་ན། ཁོང་གིས་དུས་ཡུན་འཐུང་ངུ་ཞིག་གི་ནང་ཁ་བའི་ལྗོངས་ཀྱི་མི་རིགས་ཀྱི་ལས་དབང་ལ་བསམ་གཞིགས་དང་དུང་བ་ཟབ་པའི་མཛད་བཟང་གྲུབ་བཞིན་སྐབས་རྒྱ་གཞུང་གིས་ཁོང་འཇུ་བཟུང་དང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་ནི་གྱོང་གུན་ཆེན་པོ་ཞིག་ལོས་ཡིན།  ད་ཆ་ཁོང་ལོ་ཚད་བརྩམས་ནས་གསོན་པོར་ཐར་ཐུབ་པ་དེ་ནི་བཀྲིས་ཤེས་པའི་བྱ་བ་བཟང་པོ་ཞིག་ཡིན་ལ་ངོས་འཛིན་བྱས་ཆོག་ཀྱང།  ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སོགས་གང་འདྲ་ཡོད་མེད་ད་ལྟ་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་མེད།

 མདོར་ན། གཞིས་བཞུགས་བོད་མི་ཚོས་རང་གི་མི་རིགས་ལ་བཅངས་པའི་ལྷག་བསམ་དང་བློས་གཏོང་ནི་རི་རྒྱལ་ལས་དཔང་མཐོ་བ་དང་རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་ཡིན་ཞིང།  ཁོང་རྣམས་ཀྱི་བླ་མེད་ཀྱི་སྙིང་སྟོབས་དང་བློས་གཏོང་དེ་དག་ནི་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ནས་བོད་ཀྱི་མི་རབས་གསར་པ་ཚོས་ཇི་སྲིད་བར་དུ་རྗེས་དྲན་བྱེད་དགོས་པ་མ་ཟད།  ཁོང་རྣམས་ཀྱིས་མྱང་དང་མྱོང་བཞིན་ཡོད་པའི་ཉིན་མཚན་མི་འཁྱོལ་བའི་དཀའ་སྡུག་གི་གནས་སྟངས་འདི་དག་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མི་མང་གི་མདུན་དུ་བདེན་པ་དག་སྐྱེལ་བྱ་རྒྱུ་དེ་ནི་བོད་མི་བཙན་བྱོལ་བ་ཚོའི་དོར་ཐབས་མེད་པའི་ལས་འགན་ཞིག་ཡིན་ལ། ལོ་རྒྱུས་ཀྱིས་ང་ཚོར་དཀྲིས་པའི་འགན་ཁྲི་དང་།མི་མང་གིས་ང་ཚོར་བཅོལ་བའི་རེ་བ་ཡང་རེད།

 

Leave a Reply

Your email address will not be published. Required fields are marked *