མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ལ་ཤུགས་དྲག་ཆེ་བའི་རྒྱབ་སྐྱོར་ཐོབ་པ།

      November 7, 2018:26 AM

དེང་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བསྐྱར་ཞིབ་བྱེད་པའི་དུས་བཀག་ཐེངས་ ༣༡ པ་དེ་སུད་སི་གྲོང་ཁྱེར་ཇེ་ནི་ཝ་རུ་སྐོང་འཚོགས་བྱེད་བཞིན་ཡོད་ཅིང། ཚེས་ ༦ ཉིན་ཚོགས་བཞུགས་རྒྱལ་ཁབ་བཅུ་གསུམ་ནས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཤར་ཏུ་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་འཚབ་ཡོད་སྐོར་གླེང་སློང་ཤུགས་ཆེན་གནང་བ་དང། རྒྱལ་ཁབ་དགུའི་སྐུ་ཚབ་ནས་བོད་ནང་ཆོས་དད་རང་དང་།  འདུ་འཛོམས་རང་དབང།  འགྲུལ་བཞུད་རང་དབང་བཅས་དགོས་པའི་གནད་དོན་དང་འབྲེལ་བའི་དོན་ཚན་བཅུ་གཉིས་ཡོད་པའི་ཡིག་ཐོག་གི་བསམ་འཆར་འདོན་སྤེལ་དང་རྒྱས་གླེང་གནང་ཡོད།

 

 

 

 

 

 

 

 

 

 

 

རྒྱལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་བསྐྱར་ཞིབ་ཀྱི་ལྷན་ཚོགས་འདི་ལོ་ལྔ་རེ་ནང་ཐེངས་རེ་བྱེད་ཀྱི་ཡོད་ཅིང། ད་ཐེངས་ཀྱི་ལྷན་ཚོགས་ཐོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་ཀྱང་རྣམས་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་དང་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སོགས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྣ་ཚོགས་སྤེལ་མུས་ཡིན་པ་དང་དོ་སྣང་དང་རྒྱབ་སྐྱོར་བྱེད་པའི་ཚད་གཞི་ཡང་ཧ་ཅང་མཐོ་པོ་ཆགས་ཡོད་ལ།  ལྷག་དོན་དུ་སྟོབས་ཆེའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་ཐེར་འདོན་དང་ཤུགས་དྲག་ཆེ་བའི་སྐྱོན་བརྗོད་བྱས་ཡོད་ཅིང། ཨོ་སོ་ཏྲོ་རི་ཡ་དང་། ཉིན་ཧོང། དབྱིན་ལན་བཅས་ཀྱིས་བོད་དང་འབྲེལ་བའི་ཐད་ངག་ཐོག་ནས་སྐྱོན་བརྗོད་བྱས་པ་དང། སྦེལ་འཇམ་དང། སུའི་ཀྲན་། ཨ་མི་རི་ཁ། འཇར་མན། སུའེ་ཛེ་ལན་ཀྲི་སོགས་ཀྱིས་ཡིག་ཐོག་ནས་རྒྱ་ནག་གཞུང་ལ་དྲི་བ་བཏང་ཡོད་པ་དང།  དེའི་ནང་ནས་ཨ་རི་ཁས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་བ་བཀྲིས་དབང་ཕྱུག་གློད་བཀྲོལ་གཏོང་དགོས་པའི་ཐེར་འདོན་གནང་ཡོད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ད་ཐེངས་ཀྱི་ལྷན་ཚོགས་ཐོག་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་ལ་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་དགའ་བསུ་ཞུས་ཡོད།

 

Leave a Reply

Your email address will not be published. Required fields are marked *