མདོ་སྨད་རྔ་པ་ནས་རང་ལུས་མེར་བསྲེགས་བཏང་བ།

      December 25, 2017:24 AM

གསར་འགྱུར་རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན། སྤྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༣ ཉིན་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་རྒྱལ་སྒོའི་མདུན་ཐང་དུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་ཡོད། རང་ལུས་མེར་བསྲེགས་གཏོང་མཁན་ནི་རྔ་པ་རྫོང་དམེ་རུ་མ་ཡུལ་མཚོའི་མི་སྐྱ་ཞིག་ཡིན་པ་དང།  མིང་ལ་དཀོན་པེ་ཟེར།  ད་ཐེངས་ཀྱི་རང་ལུས་མེར་བསྲེགས་གཏོང་མཁན་དེ་སྤྱི་ལོ་ ༢༠༠༩ ལོ་ཚུན་ནས་ད་བར་གྱི་རང་ལུས་མེར་བསྲེགས་གཏོང་མཁན་  ༡༥༢ པ་དེ་ཆགས་ཡོད་ཅིང།  དེ་ཉིན་དཀོན་པེ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་སྐབས་ས་གནས་དེ་གའི་མི་ཞིག་གིས་བརྙན་མཐོང་ཞིག་པར་ལེན་བྱས་པ་ཡོད་པ་དང་བརྙན་མཐོང་དེ་དྲ་ལམ་དུ་ཁྱབ་བསྒྲགས་བྱས་ཡོད་པར་བལྟ་སྐབས། ཁོང་གི་ལུས་པོ་ཡོངས་ལ་མེ་ལྕེ་འབར་བཞིན་ཡོད་ནའང་ད་དུང་གོམས་པ་སྤོས་ནས་མདུན་བསྐྱོད་བྱེད་ཀྱི་ཡོད་པ་མངོན་གསུམ་དུ་མཐོང་རྒྱུ་ཡོད།

ས་གནས་དེ་གའི་མི་རྣམས་ཀྱིས་འགྲེལ་བརྗོད་བྱས་པར་གཞིགས་ན། ད་ལྟའི་བར་ཁོང་གི་སྐུ་ཕུང་ས་གནས་དེ་གའི་ཉེན་རྟོག་པས་བཙན་འཁྱེར་བྱས་ཏེ་ནང་མི་སོགས་ལ་རྩིས་སྤྲོད་བྱས་མེད།  ད་ལྟ་ས་གནས་དེ་ཁུལ་གྱི་རྒྱ་གཞུང་གི་ཉེན་རྟོག་དང་གསང་ལས་མི་སྣ་སོགས་གང་སར་འགྲེམས་འཇོག་བྱས་ཏེ་དམ་དྲག་ཤིན་ཏུ་ཆེན་པོ་ཡོད་པར་བརྟེན། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་དང་རྒྱུད་ལོན་བྱ་རྒྱུར་དཀའ་ངལ་འཕྲད་དང་འཕྲད་མུས་རེད།

Leave a Reply

Your email address will not be published. Required fields are marked *