ཚེ་མགོན་རྒྱལ་ལ་ལོ་གསུམ་གྱི་ཁྲིམས་ཆད།

      February 22, 2018:37 AM

དེ་ཡང་གསར་འགྱུར་རྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་བར་གཞིགས་ན།  ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བྱས་པའི་ཉེས་མིང་འོག་ནས་ལོ་གསུམ་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག དེ་ཡང་སྤྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༠ ཉིན་མཚོ་བྱང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རང་ལོ་ ༥༥ ཡིན་པའི་ཚེ་མགོན་རྒྱལ་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ཟི་ལིང་ཏུང་ཁྲོན་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག   དེ་ཡང་ཐོག་མར་སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༡༢ ནང་ཁོང་རྒྱ་གཞུང་འབྲེལ་ཡོད་ཚན་པས་འཇུ་བཟུང་བཀག་ཉར་བྱས་པ་དང།  བཀག་ཉར་བྱས་ཏེ་བཙོན་འཇུག་གི་ཁྲིམས་ཐག་མ་བཅད་པར་ལོ་གཅིག་ལྷག་ཙམ་འགོར་ཡོད་ཅིང། འབྲེལ་ཡོད་རྒྱུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ཚེ་མགོན་རྒྱལ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བའི་འབྲེལ་ཡོད་མི་སྣས་འཇུ་བཟུང་བྱས་པ་དང།  ཁོང་འཇུ་བཟུང་བྱས་ཏེ་ཟླ་བ་བརྒྱད་ལྷག་ཙམ་སོང་རྗེས་སྤྱི་ལོ་  ༢༠༡༧  ལོའི་ཟླ་༥ ཚེས་ ༣ ཉིན་ཁོང་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་ལུགས་བཤད་ཀྱང།  དོན་དངོས་ཐོག་ཁོང་ལ་ཁྲིམས་བཤེར་བྱེད་སྐབས་ཁོང་གི་ཕ་མ་སོགས་ཁྲིམས་བཤེར་སྐབས་སྐད་བཏང་མེད་ལ།  ཁོང་ལ་ཁྲིམས་གཞི་དག་བུད་བྱེད་པའི་ཁྲིམས་རྩོད་པ་སོགས་ཀྱང་གླ་རུ་བཅུག་མེད། མདོར་ན།  ཁོང་ཐོག་མར་འཇུ་བཟུང་བྱེད་པ་དང། བར་དུ་ཁྲིམས་བཤེར་བྱེད་སྟངས།  མཐའ་མ་ལོ་ཚད་ཀྱི་ཁྲིམས་གཅོད་བྱེད་སྟངས་ཚང་མ་ནི་ཆེས་གསང་བའི་ཐོག་ལས་གྲུབ་པ་ཞིག་རེད།

དེ་ཡང་འབྲེལ་ཡོད་མི་སྣ་ཞིག་གིས་ཚེ་མགོན་རྒྱལ་འཇུ་བཟུང་བཀག་ཉར་དང་མཐར་ཁོང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བར་གཞིགས་ན།  རྒྱ་ནག་གཞུང་གིས་དུས་རྟག་ཏུ་མི་རིགས་མཐུན་བསྒྲིལ་ཞེས་བརྗོད་མུས་ཡིན་ཀྱང།  དངོས་ཡོད་གནས་ཚུལ་ཐོག་རྒྱ་གཞུང་གི་མི་རིགས་མཐུན་བསྒྲིལ་ཞེས་པ་དེ་ནི་འབོད་ཚིག་ཙམ་ལས་ལག་ལེན་དངོས་ཀྱི་ཐོག་མི་རིགས་མཐུན་བསྒྲིལ་གྱི་གནས་བབ་ཡར་རྒྱས་གཏོང་གི་མེད་པའི་སྐྱོན་བརྗོད་ཀྱི་རྩོམ་ཡིག་འབྲིས་ནས་སྐད་འཕྲིན་ནང་ཁྱབ་སྤེལ་གནང་བར་རྟེན་ནས་བྱུང་བ་ཞིག་ཡིན་ལུགས་འགྲེལ་བརྗོད་གནང་ཡོད།  མ་ཟད་ཚེ་མགོན་རྒྱལ་ལགས་འཇུ་བཟུང་བྱས་རྗེས་གནས་ཚུལ་དེར་ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གང་བྱུང་བཀག་ཉར་ཚན་པས་ཀྱང་དོ་སྣང་བྱུང་ཡོད།  ལས་དོན་ཚན་པ་དེའི་ཚོགས་ཆེན་ཐེངས་ ༧༨  པའི་ཐོག་རྒྱ་གཞུང་གིས་ཚེ་མགོན་རྒྱལ་འཇུ་བཟུང་བཀག་ཉར་བྱས་པ་དེ་ནི་ཁོང་ལ་ཁུངས་བཙན་གྱི་ཉེས་སྐྱོན་གྱི་བདེན་དཔང་གང་ཡང་མེད་པར་ཁོང་གི་རང་དབང་བཙན་འཕྲོག་བྱས་པ་ཞིག་ཡིན་ལུགས་ནན་བརྗོད་གནང་བ་མ་ཟད།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་དང་།  རྒྱལ་སྤྱིའི་འབྲེལ་ཡོད་ཁྲིམས་ཡིག་ཁག་ནང་གཏན་ལ་ཕབ་པའི་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་གྱི་ཐོབ་ཐང་རྡོག་རོལ་བཏང་མ་ཟད།   ཁོང་འཇུ་བཟུང་བྱས་པ་དེའི་ཐོག་ནས་ཆོས་ལུགས་དང་ཆབ་སྲིད།  སྐད་ཡིག་དང་དཔལ་འབྱོར།  དེ་བཞིན་མི་རིགས་དབྱེ་འབྱེད་ཀྱི་ཐོག་ནས་རྒྱལ་སྤྱིའི་ཁྲིམས་ཡིག་ཁག་རྡོག་རོལ་བཏང་ཡོད་པ་ནན་བརྗོད་བྱས་ཡོད།  དེ་ལྟར་ནའང།  རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གནོན་ཤུགས་དང་ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚན་པའི་སྐྱོན་བརྗོད་ཚང་མ་རྩིས་མེད་རྡོག་རོལ་གྱི་ཐོག་ནས་ཚེ་མགོན་རྒྱལ་མི་ལོ་གསུམ་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེའི་ཐོག་ནས་ད་ལྟའི་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནས་སྟངས་དེ་སྔར་བཞིན་ཡ་ང་བ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།

 

ཚེ་མགོན་རྒྱལ་ལམ་རྐང་གཞོང་ཨ་ཚེ་ལགས་ནི་སྤྱི་ལོ་ ༡༩༦༣  ལོའི་ཟླ་ ༨ ཚེས་ ༡༢ ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་རྐང་ཚ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས།  སློབ་མཐར་ཕྱིན་རྗེས་རིམ་བཞིན་ས་གནས་དེ་དགའི་དགེ་རྒན་དང་རྐང་ཚ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་ནང་ཆེད་ལས་ལྷག་རྩལ་པའི་ཕྱག་ལས་གནང་བ་དང།  དེ་བཞིན་ལས་ཞོར་དུ་<<མཚོ་སྔོན་བོད་ཡིག་གསར་འགྱུར་>>དང།<<མཚོ་སྔོན་ཁྲིམས་ལུགས་ཚག་པར་>>གྱི་གསར་འགོད་པ་གནང་སྟེ་ཕུལ་བྱུང་གསར་འགོད་པའི་རྟགས་མ་ཡང་ཐེངས་མང་ཐོབ་ཡོད། ཡང་རྒྱུད་ལམ་གཞན་དག་ནང་གནས་ཚུལ་སྤེལ་བར་གཞིགས་ན།  སྤྱི་ལོ་ ༢༠༡༦ ཟླ་ ༡༢  པར་ཁོང་འཇུ་བཟུང་བྱས་རྗེས་ཁོང་ལ་རྒྱ་གཞུང་འབྲེལ་ཡོད་ཚད་པས་མ་ཉེ་ཁ་གཡོག་གི་ཉེས་འཛུགས་བྱས་ཡོད་པའི་མཚོན་རྟགས་སུ་མཐར་ཁོང་འུ་ཐུག་ནས་ཁོང་ལ་དྲི་གཅོད་ཇི་ལྟར་བྱས་ཀྱང་ཁ་མ་གྲགས་བར་ངག་བཅད་ཀྱི་ངོ་རྒོལ་ཡང་གནང་ཡོད།

 

Leave a Reply

Your email address will not be published. Required fields are marked *