ཞི་ཅིང་ཕིང་གི་དབང་ཆ་མའོ་ཙེ་ཏུང་གི་གོང་དུ་སླེབས་ཉེན་ཡོད་པ།

      October 24, 2017:51 AM

རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་བཅུ་དགུ་པ་དེཟླ་ ༡༠ ཚེས་ ༡༨ ཉིན་སྐོང་འཚོགས་བྱས་ཏེ་དེ་རིང་ཚེས་༢༤  ཉིན་གྲོལ་ཡོད།  ཚོགས་ཆེན་དེ་ནི་རྒྱ་ནག་གི་གལ་གནད་ཤིན་ཏུ་ཆེ་བའི་ཆབ་སྲིད་ཀྱི་དོན་ཆེན་ཞིག་ཡིན་པ་མ་ཟད།  ལྷག་པར་དུ་ད་རེས་ཀྱི་ཚོགས་འདུ་དེ་ནི་འདས་པའི་ལོ་ངོ་ལྔ་ཡི་ནང་ཞི་ཅིང་ཕིང་གིས་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་རང་གི་ཁ་གཏད་ཀྱི་ཆེས་མཐོའི་དཔོན་རིགས་དང་ཁོ་ཚོའི་ཕྱོགས་གཏོགས་མ་ལག་དང་བཅས་པ་རྩ་མེད་བཟོས་ཏེ།  དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འཐབ་རྩོད་དེ་ཛ་དྲག་ཤིན་ཏུ་ཆེ་བའི་དུས་བབ་འོག་སྐོང་འཚོགས་བྱས་པ་ཞིག་ཡིན་པར་བརྟེན།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་བས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།  ད་རེས་ཀྱི་ཚོགས་ཆེན་ཐོག་འགྱུར་བ་གང་བྱུང་བ་དང་གྲུབ་འབྲས་གང་འདྲ་བྱུང་མིན་གྱི་ཐད་མི་སོ་སོར་བལྟ་སྟངས་མི་འདྲ་བ་སྣ་ཚོགས་ཡོད་ལ།  དེར་གོ་བ་ལེན་སྟངས་ཀྱང་སྣ་ཚོགས་ཡོད།

ཡིན་ནའང།  འདི་ནས་ཉམས་ཞིབ་བྱས་ཏེ་བལྟས་ན།  ད་ཐེངས་ཀྱི་ཚོགས་འདུ་ཚོགས་སྟངས་དང་ཞི་ཅིང་ཕིང་གི་གཏམ་བཤད་ཀྱི་ནང་དོན་དང།  ཚིག་སྦྱོར་། ཐ་སྙད་བེད་སྤྱོད་བྱེད་སྟངས་སོགས་ཀྱི་ཐད་འགྱུར་བ་མང་པོ་བྱུང་ཡོད་པ་མ་ཟད།  གཏམ་བཤད་འགོ་བཙུགས་མ་ཐག་ནས་ཚོགས་འདུའི་བརྗོད་གཞི་གང་ཡིན་མིན་གྱི་ཐད་ལ་འགྱུར་བ་ཆེན་པོ་བཏང་ཡོད་པ་སྟེ།  སྤྱི་ལོ་  ༢༠༡༢ ལོའི་ཏང་གི་རྒྱལ་ཡོངས་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་འགོ་འཛུགས་ཀྱི་གཏམ་བཤད་ནང།  ད་ཐེངས་ཀྱི་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི།  མར་ཁེ་སི་རི་ལུགས་དང།  མའོ་ཙེ་ཏུང་གི་དགོངས་པ།  ཏེང་ཞའོ་ཕིང་གི་རིག་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བས་མཛུབ་འཁྲིད་བྱ་རྒྱུ་ཞེས་འཁོད་ཡོད་ཀྱང།  ད་རེས་ཞི་ཅིང་ཕིང་གི་གཏམ་བཤད་ནང་།  ཚོགས་ཆེན་གྱི་བརྗོད་གཞི་གང་ཡིན་འགྲེལ་བརྗོད་བྱེད་སྐབས་གོང་གསལ་གྱི་མའོ་ཙེ་ཏུང་དགོངས་པ་དང།  ཏེང་ཞའོ་ཕིང་གི་རིག་པའི་གཞུང་ལུགས།  མཚོན་བྱེད་གསུམ་གྱི་དགོངས་པ།  ཚན་རིག་དང་མཐུ་པའི་གོང་འཕེལ་གྱི་ལྟ་བ་ཞེས་པའི་ནང་དོན་དེ་དག་མཐོང་རྒྱུ་མེད་པ་བཟོས་ཡོད་པ་མ་ཟད།  དུས་ཡུན་ཆོུད་གསུམ་ལྷག་གི་སྙན་སྒྲོན་ཧྲིལ་པོའི་ནང་དུའང་ཚིག་དེ་དག་ཐེངས་གཉིས་ལས་བེད་སྤྱོད་བཏང་མེད་པ་དེས།  མའོ་ཙེ་ཏུང་དང།  ཏེང་ཞའོ་ཕིང། ཅང་ཙེ་མིན།  ཧུའུ་ཅིན་ཐའོ་སོགས་མི་རབས་ལྔ་ཡི་གནས་བབ་དམའ་རུ་སོང་བ་དང།  ཞི་ཅིང་ཕིང་རང་ཉིད་ཀྱི་གནས་བབ་དེ་ཧ་ཅང་མཐོ་པོ་ཞིག་ཆགས་ཡོད་པ་མཚོན་ཡོད་མ་ཟ།  དེ་རིང་རྒྱ་ནག་གཞུང་འབྲེལ་གྱིས་གསར་ཁང་ཁག་ནང་ཁྱབ་བསྒྲགས་བྱས་པར་གཞིགས་ན།ཞི་ཅིང་ཕིང་གི་དུས་སྐབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཞེས་པ་དེ་དམར་ཤོག་ཚོགས་པའི་ཏང་གི་སྒྲིག་ཡིག་ནང་བཀོད་ནས་ཐག་གཅོད་བྱས་པ་དེས།   ཞི་ཅིང་ཕིང་གི་དབང་ཆ་སྔར་བས་སྲ་བརྟན་གོང་མཐོར་ཕྱིན་ཡོད་པ་མཚོན་ཡོད།

དེ་སྔ་ཏེང་ཞའོ་ཕེང་དང།  ཅང་ཙེ་མིན།  ཧུའུ་ཅིན་ཐའོ་སོགས་ཀྱི་སྐབས་སོ་སོའི་རྒྱལ་ཁབ་འཛིན་སྐྱོང་གི་རིག་པའི་གཞུང་ལུགས་ཟེར་བ་དེ་ཚོ་རང་ཉིད་ལས་ཐོག་ནས་ཡོངས་སུ་རྒན་ཡོལ་ཞུ་སྐབས་ཀྱི་མཐའ་མའི་ཚོགས་ཐོག་ནས་གཏན་འཁེལ་བྱེད་ཀྱི་ཡོད་ཀྱང།  ཞི་ཅིང་ཕིང་ལས་རྒྱུན་གཅིག་གོང་ནས་ཀྱང་སྔ་སྣུར་གྱིས་ཐག་གཅོད་བྱས་ཡོད་པ་དེ་ནི་དམར་ཤོག་ཚོགས་པའི་ལོ་རྒྱུས་ཐོག་གི་འགྱུར་ལྡོག་ཧ་ཅང་ཆེན་པོ་ཡིན་པ་མ་ཟད།  ཞིང་ཅིང་ཕིང་དབང་ཐང་སྙན་གྲགས་ཧ་ཅང་ཆེན་པོ་ཡོད་པ་མཚོན་ཡོད།   ད་དུང་དོ་སྣང་བྱེད་དགོས་པ་གཞན་ཞིག་ནི་ཞི་ཅིང་ཕིང་ད་ལྟ་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞེས་པའི་མིང་དེ་དམར་ཤོག་ཚོགས་པའི་ཀྲུའུ་གཞི་ཞེས་པར་མིང་བསྒྱུར་བྱ་སྲིད་པའི་ཚོད་དཔག་བྱེད་མཁན་ཡོད་པ་དང།  ཅི་སྟེ་མིང་བསྒྱུར་དེ་ལྟར་བྱས་ཚེ་ཞི་ཅིང་ཕིང་གི་གོ་གནས་དང་དབང་ཆ་མའོ་ཙེ་ཏུང་ལས་ཀྱང་བརྒལ་བ་མཚོན་ཐུབ།  ཡང་སྙིང་མིང་བསྒྱུར་དེ་ལྟར་བྱེད་མིན་དེ་ང་ཚོས་ཡུན་རིང་ངང་སྒུག་བྱེད་མེ་དགོས་པར་སང་ཉིད་རང་ཤེས་རྟོགས་ཐུབ།  འདི་ནི་ད་རེས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་གྲོས་ཐག་བཅད་པའི་མངོན་གསལ་དོད་ཤོས་དང་ཆེས་འབུར་ཐོན་རང་བཞིན་གྱི་འགྱུར་ལྡོག་གསར་པ་ཅིག་རེད།

ད་རེས་ཀྱི་ཚོགས་འདུའི་ཐོག་གི་ཞི་ཅིང་ཕིང་གི་གཏམ་བཤད་ཀྱི་ཕྱོགས་ཡོངས་ཀྱི་ནང་དོན་ནས་བཤད་ན།  རྒྱ་ནག་དམར་ཤོག་ཚོགས་པས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཚུལ་ནན་བཤད་བྱས་པ་མ་ཟད།  ནུབ་ཕྱོགས་པའི་ཆབ་སྲིད་ཀྱི་ལམ་ལུགས་འདྲ་སྤོས་བྱེད་པ་སོགས་གང་ཞིག་ཡིན་རུང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པའི་ནན་བཤད་ཀྱང་བྱས་ཡོད་ལ།  དེ་བཞིན་རྒྱ་ནག་ཁ་བྲལ་གཏོང་བའི་རྣམ་པ་གང་རུང་གི་བྱ་སྤྱོད་ལའང་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་རྒྱ་ནག་གཅིག་གྱུར་ལ་སྲུང་སྐྱོབ་བྱ་རྒྱུ་དང།  དེ་ལ་གཞིགས་པའི་དམག་དཔུང་དེང་དུས་ཅན་དུ་འཛུགས་སྐྲུན་དང་གོ་མཚོན་ཡར་རྒྱས་དང་སྒྲིག་ཆས་གསར་གཏོད་།  དམག་འཐབ་ཀྱི་ནུས་པ་སོགས་ཕྱོགས་ཡོངས་ནས་ཡར་རྒྱས་བཏང་སྟེ་དམག་དཔུང་སྟོབས་ཆེན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་བྱས་ཡོད།

དེ་དང་ཕྱོགས་མཚུངས་རྒྱ་ནག་དེ་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རྒྱ་ནག་གི་མི་དམངས་ཀྱི་འཚོ་བ་དང་དཔལ་འབྱོར་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ།  འབྱོར་པ་འབྲིང་གྲས་ཀྱི་ཕྱོགས་སུ་ཕུག་ཐག་ཆོད་པའི་ཐག་གཅོད་བྱ་རྒྱུ་དེ་གལ་གནད་ཆེ་ཤོས་དང་རྩ་བའི་ནང་གི་རྩ་བ་ཡིན་པ་ནན་བཤད་བྱས་ཡོད་ཅིང།  དམར་ཤོག་ཚོགས་པའི་འཛིན་སྐྱོང་གི་རིག་ལམ་་ཡང་དག་ཡིན་མིན་དེ་ཡང་མི་དམངས་ལ་ཁེ་ཕན་ཇི་བྱུང་གི་ཐོག་ནས་ཚད་མཇལ་དགོས་པ།  དེ་ཡང་མི་དམངས་ཀྱིས་རྒྱུན་གཏན་འཚོ་བའི་ནང་དོ་སྣང་ཆེ་ཤོས་དང།  ཁོ་ཚོའི་འཚོ་གནས་དང་ཐད་ཀའི་འབྲེལ་བ་ཡོད་པའི་སྡོད་ཁང་དང།  ལས་བཞུགས།  གླ་ཕོག  སྨན་བཅོས།  རྒན་ཡོལ་གྱི་ཐོབ་ཐང་སོགས་ཀྱི་ཐད་ནུས་ཤུགས་ཆེན་པོ་འདོན་དགོས་པའི་ནན་བརྗོད་བྱས་པ།  དེ་བཞིན་རྒྱ་ནག་གི་རང་བྱུང་ཁོར་ཡུག་ལ་སྔར་བས་སྲུང་སྐྱོབ་དང་གཅེས་སྤྲད་བྱས་ཏེ།མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུར་དེ་བས་མང་བའི་འབད་བརྩོན་དགོས་ལུགས་སོགས་ནན་བཤད་བྱས་ཡོད།  གོང་གསལ་གྱི་གནད་དོ་དེ་དག་ལ་ཕྱོགས་ཡོངས་ནས་གྲུབ་འབྲས་ཐོབ་དགོས་ན།  ཤེས་ཡོན་སློབ་གསོ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པར་ནན་བཤད་བྱས་ཏེ།  རྒྱ་ནག་གི་ཤེས་ཡོན་སློབ་གསོའི་སྒྲིག་སྲོལ་དང་ལམ་ལུགས་ལ་སྔར་བས་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས་པ་མ་ཟད།  ཤེས་ཡོན་སློབ་གསོའི་ཐོག་གི་འགྲོ་གྲོན་སྔར་བས་མང་དུ་བཏང་ནས་རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་ཤེས་ལྡ་ན་པ་མང་ཤོས་ཡིན་པའི་རྒྱལ་ཁབ་ཅིག་སྐྲུན་དགོས་པའི་ནན་བརྗོད་བྱས་ཡོད།

Leave a Reply

Your email address will not be published. Required fields are marked *