རྒྱ་གཞུང་གིས་༸གོང་ས་མཆོག་ལ་ཤུགས་དྲག་ཆེ་བའི་སྐྱོན་བརྗོད་བྱས་འདུག

      October 27, 2016:53 AM

སྤྱི་ལོ་  ༢༠༡༦ ཟླ་  ༡༠  ཚེས་ ༡༩ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝུའུ་དབྱིང་ཇི་ཡིས་བོད་སྡོད་དམར་ཤོག་ཚོགས་པའི་སློབ་སྦྱོང་གཉིས་དང་ཚད་ལེན་གཅིག་ཞེས་པའི་ཚོགས་འདུའི་ཐོག་༸གོང་ས་མཆོག་ལ་ཤུགས་དྲག་ཆེ་བའི་སྐྱོན་བརྗོད་བྱས་འདུག།ཝུའུ་དབྱིང་ཇི་ནི་འདི་ལོའི་ཟླ་བ་བརྒྱད་པའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་ཡོད་ཅིང། ཁོ་པ་ལོ་རབས་བདུན་བཅུ་པ་ནས་བཟུང་ད་བར་བོད་དུ་ལས་ཀ་བྱས་ནས་བསྡད་ཡོད་པས།  བོད་ཀྱི་ཕྱོགས་གང་ཅིའི་ཐད་བོད་སྡོད་རྒྱ་མིའི་ལས་བྱེད་གཞན་དང་མི་འདྲ་བའི་ཉམས་མྱོང་དང་རྒྱུད་མངའ་གཏིང་ཟབ་ཡོད་མཁན་ཞིག་རེད།  མ་ཞི་བོད་སྡོད་རྒྱ་དཔོན་ཚོས་སྐད་ཆ་གང་ཞིག་བཤད་དགོས་མིན་ནི་དབུས་གཞུང་གི་གཞི་རྩའི་ཐག་གཅོད་དང་གཏན་འཁེལ་ཟིན་པ་ཞིག་ཡིན་པར་བརྟེན།  དེ་ལས་སྤྲོས་པའི་སྐད་ཆ་གསར་པ་དང་བསམ་བློ་གསར་པའི་ཐོག་ནས་གཏམ་གླེང་བྱ་ཡུལ་མེད་པ་གསལ་པོ་རེད།

1820665392334281298དེ་ཡང་ཝུའུ་དབྱིང་ཇི་ཡིས།  བོད་ཀྱི་ལས་དོན་གྱི་གཙོ་བོ་དང་ཤུགས་རྒྱས་ས་ནི་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་བསྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་ཞིང།དེའི་སྲོག་ཤིང་གི་ལས་ཀ་ནི་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ་རེད།བོད་ནི་ང་ཚོ་དང་ཏཱ་ལའི་རུ་ཚོགས་འཐབ་རྩོད་བྱེད་སའི་གཡུལ་ས་གཙོབོ་ཡིན་པ་དང།ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ཏཱ་ལའི་རུ་ཚོགས་ལ་བརྟེན་ནས་ཀྲུང་གོ་ཁ་བྲལ་དང་འཐོར་ཤིག་གཏོང་བའི་ལྐོག་གཡོ་བཤམས་རྒྱུ་ད་བར་འགྱུར་བ་གང་ཡང་བྱུང་མེད་ལ།ཏཱ་ལའི་རུ་ཚོགས་ཀྱིས་བོད་རང་བཙན་ཡོང་རེ་བྱེད་པའི་ངོ་བོ་ཡང་ནམ་ཡང་འགྱུར་བ་བྱུང་མེད།  མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་ནི་མཐའ་སྐྱོང་བོད་བརྟན་གྱི་ལྟེ་བ་ཡིན་པས། ངེས་པར་དུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྔར་བས་མངོན་གསལ་དོད་པའི་འཐབ་ཇུས་གནས་བབ་ཐོག་བཞག་སྟེ། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་དང་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་དང་། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱ་རྒྱུ་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་མི་རིགས་མཐུན་སྒྲིལ་བརྟན་ལྷིང་ཡོང་བའི་ཡུན་རིང་ལས་འགན་དུ་བརྩི་བ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་སྲོལ་གཏོད་བྱེད་སྒོ་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་ཟབ་ཏུ་གཏོང་བ། བྱ་བ་ཆུང་ཙག་དང་། ཉེ་འགྲམ། རང་ཉིད་བཅས་ནས་འགོ་འཛུགས་པ། དཔེ་མཚོན་གཏོད་དེ་གཞི་རྟེན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཕྱོགས་ཁག་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། ཁྲིད་སྟོན་བྱེད་པའི་ཐད་ཤུགས་རྒྱག་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་དབར་དབྱེ་མཚམས་གསལ་པོ་འབྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས་ཞེས་ནན་བརྗོད་བྱས་འདུག

w020160829360350411875ཡང་༸གོང་ས་མཆོག་ལ་འཛིན་པའི་སྲིད་ཇུས་ཀྱི་ཐོག་ནས་བལྟ་སྐབས།  ཝུའུ་ཡིས་འདི་ལྟར་ནན་བརྗོད་བྱས་ཡོད་པ་སྟེ།  ཀྲུང་དབྱང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ལ་གཏན་འཁེལ་བྱས་པའི་ངོ་བོར་སྟངས་འཛིན་ཡང་དག་བྱེད་དགོས། ཀྲུང་དབྱང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ལ་གཏན་འཁེལ་བྱས་པའི་ངོ་བོ་ནི་ཁ་གསལ་ཡིན་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་ཇུས་ངན་ཇི་ལྟར་བསྒྱུར་ཡང་ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སེམས་ལ་གདེང་ཚོད་ཡོད་པར་བྱེད་དགོས། རྒྱལ་སྤྱིའི་དགྲ་འཛིན་ཕྱོགས་གཏོགས་ཀྱིས་ཏཱ་ལའི་རུ་ཚོགས་ལ་བརྟེན་ནས་ཀྲུང་གོར་བཀག་འགོག་བྱེད་པའི་རེ་ངན་ལ་འགྱུར་བ་འགྲོ་མི་སྲིད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ནི་རང་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་ངན་པ་བཟོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས། ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་ལ་གཏན་འཁེལ་བྱས་པའི་ངོ་བོ་དང་འཐབ་རྩོད་བྱེད་ཕྱོགས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ལ་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་གྱིས་བསམ་བློའི་རྩ་བ་དེར་དམ་པོར་འཛིན་པ་དང་། ཐབས་ཇུས་གྲ་སྒྲིག་སྔར་བས་ཞིབ་ཚགས་བྱེད་པ། ལས་ཀ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བའི་སྒོ་ནས་བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་ཏེ་དམ་འཛིན་ལྷོད་མེད་དང་འབད་འབུངས་སྟོབས་བརྩོན་གྱིས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་འཛུགས་ཀྱི་བྱེད་ཐབས་སྤྱད་དེ། བོད་རྒྱུན་སྲིང་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བར་འབད་བརྩོན་བྱེད་དགོས་ཅེེས་བརྗོད་འདུག

ད་ཐེངས་ཝུའུ་ཡི་གཏམ་གཤད་ལ་ང་ཚོ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ།རྒྱ་གཞུང་གིས་བོད་དུ་འཛིན་པའི་ད་ལྟའི་སྲིད་ཇུས་ལའང་མཐའ་གཅིག་ཏུ་ངོ་རྒོལ་ཡོད།ད་ལྟ་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་ཅིང།དམངས་གཙོ་དང་རང་དབང་ནི་མི་རྣམས་ཀྱིས་རེ་སྒུག་དང་དོན་གཉེར་བྱེད་པའི་མངོན་འདོད་ཅིག་ཡིན་པ་དང།སྒེར་གཅོད་དང་བཙན་དབང་ནི་དེ་ལས་ལྡོག་པ་ཞིག་ཡིན་པར་བརྟེན།རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཆེན་པོ་ཞིག་མ་བཏང་ཚེ་མཇུག་འབྲས་ངན་པ་ཡོང་ངེས་རེད།

Leave a Reply

Your email address will not be published. Required fields are marked *