རྒྱལ་གཅེས་པ་ཨ་མ་ཨ་བདེའི་སྐུ་ཟླ་རིན་ཆེན་བསམ་གྲུབ་འདས་གྲོངས་སོང་བར་ཡིད་སྐྱོ་བའི་མྱང་ངན་ཞུ།

      June 1, 2017:23 AM

འདི་ག་ཚོགས་པའི་ཚོགས་མི་རྒྱལ་གཅེས་པ་ཨ་མ་ཨ་བདེའི་སྐུ་ཟླ་རིན་ཆེན་བསམ་གྲུབ་ལགས་སྤྱི་ལོ་  ༢༠༡༧ ཟླ་ ༥ ཚེས་ ༢༤  ཉིན་བདེ་ལེགས་སྨན་ཁང་དུ་འདས་གྲོངས་སུ་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག   འཚམས་འདིར་ངེད་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་འདས་པོ་ཁོང་ལ་ཡིད་སྐྱོ་བའི་མྱང་ཞུ་རྒྱུ་དང་ཆབས་ཅིག ཤུལ་དུ་ལུས་པའི་ཁོང་གི་སྐུ་ཟླ་ཨ་མ་ཨ་བདེ་ལགས་སུ་ཐུགས་གསོའི་འཚམས་འདྲིའི་ཆེད་ཚེས་ ༢༥ ཉིན་འདི་ག་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲིས་དང།  དྲུང་ཆེ་རྒྱལ་ཐང་བླ་མ།  དངུལ་གཉེར་བློ་བཟང་བསྟན་འཛིན།  དཔལ་འབྱོར་འགན་འཛིན་བསོད་ནམས་རྡོ་རྗེ་བཅས་ཆེད་བཅར་ཞུས་པ་མ་ཟད་།  ཚོགས་པའི་ངོས་ནས་བསྔོ་སྨོན་ཞལ་འདེབས་དང་དེ་བཞིན་རྒྱུན་ལས་ལས་བྱེད་སོ་སོའི་ངོས་ནས་ཀྱང་བསྔོ་སྨོན་ཞལ་འདེབས་ཕུལ་བ་དང།  དེ་ཉིན་དངུལ་གཉེར་བློ་བཟང་བསྟན་འཛིན་ཚོགས་པའི་ཚབ་ཞུས་ནས་ཉིན་གང་ཕྱག་རོགས་གནང་ནས་བཞུགས་ཡོད་པ་དང།  ཕྱི་ཚེས་ ༢༦ ཉིན་སྐུ་ཕུང་བཞུགས་འབུལ་གཏོང་སྐབས་ཀྱང་རྒྱུན་ལས་ཡོངས་རྫོགས་ཆེད་བཅར་ཞུས་ཡོད།

ཨ་མ་ཨ་བདེ་ལགས་ནི་ཁམས་ཉག་རོང་ནས་ཡིན་པ་དང།  རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་གཏོང་བའི་སྲིད་ཇུས་ལ་སེམས་ཀྱིས་མ་བཟོད་པར་གདོང་ལེན་འཐབ་རྩོད་གནང་བའི་རྐྱེན་གྱིས་ཁོང་གིས་མི་ལོ་ཉི་ཤུ་ལྷག་ཙམ་རྒྱ་མིའི་བཙོན་ཁང་གི་ནང་དཀའ་སྡུག་དང་མནར་གཅོད་གྲངས་མེད་མྱངས་ཡོད་ཅིང།  ལོ་རབས་བདུན་བཅུའི་དུས་མཇུག་ཏུ་རྒྱ་ནག་གི་སྲིད་ཇུས་ལ་ཕྲན་བུའི་གུ་ཡངས་འགྲོ་བ་དང་བསྟུན་ནས་ངན་དགུ་ཚང་བའི་བཙོན་ཁང་ནས་གསོན་པོར་ཐར་བའི་གོ་སྐབས་ཤིག་བྱུང་ཡོད།  དེ་རྗེས་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་དུ་ཕེབས་པ་དང།  བཙན་བྱོལ་དུ་ཕེབས་རྗེས་ཀྱི་དུས་ཡུན་དེའི་རིང་ཁོང་ནི་གཞིས་ལུས་མི་མང་གི་བདེ་སྡུག་གི་གནས་ཚུལ་སྤྱི་དང།  ལྷག་པར་དུ་རང་གི་འཐབ་གྲོགས་ཚོས་རྒྱ་མིའི་སྡུག་རྩུབ་དང་གནར་གཅོད་འོག་མྱངས་པའི་སྡུག་སྔལ་དེ་དག་རྒྱལ་སྤྱིའི་ཐོག་ཞུ་འབོད་བྱེད་མཁན་གྱི་སྐུ་ཚབ་དང་དཔང་མི་ལྟ་བུར་གྱུར་ཡོད་ལ།  རྒྱལ་སྤྱིའི་ཐོག་རྣམ་པ་འདྲ་མིན་གྱི་ལས་འགུལ་སྣ་ཚོགས་ནང་འཛུལ་བཞུགས་བྱས་ཏེ་བོད་དོན་འཐབ་རྩོད་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།  དེ་བཞིན་འདི་ག་ཚོགས་པའི་ལས་འགུལ་གང་འདྲ་ཞིག་སྤེལ་བའི་སྐབས་སུའང་མཉམ་བཞུགས་གནང་གི་ཡོད་པ་མ་ཟད།  སྐབས་རེ་ཕྱི་རྒྱལ་གྱི་གསར་འགོད་པ་དང།  ཞིབ་འཇུག་པ།  དེ་བཞིན་བོད་དོན་ལ་ཐུགས་སྣང་ཆེ་བའི་མི་རིགས་དེ་འདྲ་ཡོང་བའི་སྐབས་ཆབ་སྲིད་བཙོན་པ་མང་ཆེ་བ་ཕྱི་རྒྱལ་དུ་ཕེབས་ཟིན་པར་བརྟེན་།  ཁོང་གིས་ག་དུས་གདན་ཞུ་བྱས་ཀྱང་ལས་སླ་པོའི་ཐོག་ནས་བཅའ་དྲི་དང་ལེན་གནང་ཡོད།

Leave a Reply

Your email address will not be published. Required fields are marked *