རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་ཉིན་མོར་རྗེས་དྲན།

      August 30, 2018:16 AM

དེ་རིང་སྤྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣༠ ཉིན་ནི་རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་སྐྱེ་བོར་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ཡིན་པ་དང།དུས་ཚོད་ཁྱད་པར་ཅན་འདི་དང་སྟབས་བསྟུན་ནས་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་བཞུགས་སྒར་རྡ་སའི་མེག་གྷན་ཁྲོམ་གཞུང་དུ་བོད་ནང་དུས་ཚིག་མི་འདྲ་བའི་ནང་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་ལ་རྗེས་དྲན་ཞུ་བའི་ལས་འགུལ་ཞིག་སྤེལ་ཡོད་པ་དང། ལྷག་པར་དུ་སྤྱི་ལོ་ ༢༠༠༨ ལོ་ནས་བཟུང་ལོ་དུས་སོ་སོའི་ནང་གར་སོང་ཆ་མེད་དུ་གྱུར་བའི་མི་སྣའི་པར་རིས་དང། དུས་ཚོད་སོགས་འཁོད་པའི་ཡོལ་བའི་འཕྲེད་དར་ཆེན་པོ་ཞིག་བཟོས་ནས་བཀལ་ཡོད་པ་དང། སྔ་དྲོའི་ཕྱག་ཚོད་བཅུ་པའི་ཐོག་དངོས་སུ་ལས་འགུལ་དབུ་འཛུགས་ཞུས་ནས་འདི་ག་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་གིས་གསར་འགོད་པ་རྣམས་ལ་དེ་རིང་གི་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་པའི་དགོས་པ་དང་རྒྱབ་ལྗོངས་སོགས་ངོ་སྤྲོད་ཞིབ་ཕྲ་གནང་བ་མ་ཟད། ད་དུང་ཁོང་ཚོས་བཏོན་པའི་དྲི་བར་ཡང་ལན་འདེབས་མཛད་ཡོད།དེ་རྗེས་དབྱིན་དྲུང་ཕུན་ཚོགས་བཀྲིས་ནས་ལས་འགུལ་དང་འབྲེལ་བའི་དབྱིན་ཡིག་གི་བསྒྲགས་གཏམ་སྒྲོག་སྦྱང་གནང་བ་དང།ཚོགས་གཞོན་ཟླ་བ་བཀྲིས་ནས་བོད་ཡིག་གི་བསྒྲགས་གཏམ་སྒྲོག་སྦྱང་གནང་ཡོད་ཅིང།བསྒྲགས་གཏམ་གྱི་ནང་དེང་སྐབས་བོད་ས་ཁྱོན་ཡོངས་སུ་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་མང་པོ་ཞིག་ཡོད་པ་མ་ཟད།བོད་མི་འགའ་ཤས་ནི་ལོ་ངོ་བཅུ་ཕྲག་ལྷག་འདས་ཟིན་ནའང་ད་དུང་ཤེས་རྟོགས་མེད་པའི་ཛ་དྲག་གི་གནས་སྟངས་ལ་དམིགས་ནས་དགོས་འདུན་ཁག་བཞིན་གསལ་སྟོན་བྱས་ཡོད་པ་སྟེ། ༡།རྒྱ་གཞུང་གི་ངོས་ནས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་རྒྱ་ནག་ལ་ཆེད་བསྐྱོད་བྱས་ཏེ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་གནས་བབ་ཁ་གསལ་བཟོ་དགོས། ༢།རྒྱ་གཞུང་གིས་ལྐོག་ཏུ་འཇུ་བཟུང་གིས་ས་གནས་ངེས་ཅན་ཞིག་ལ་བཙན་འཇོག་ཆོག་པའི་ཁྲིམས་ལུགས་དེ་མེད་པ་བཟོ་དགོས།༣།རྒྱ་གཞུང་གིས་རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་སྐྱེ་བོའི་གནས་བབ་སྲུང་སྐྱོབ་བྱེད་པའི་ཆིངས་ཡིག་ལ་མིང་བརྟགས་བཀོད་ནས་ཁས་ལེན་བྱེད་དགོས། ༤།རྒྱ་གཞུང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་མི་ཡིན་པའི་ཆ་ནས་དེའི་ཐད་འགན་འཁུར་དང་བརྩི་བཀུར་བྱེད་དགོས་ཅེས་འཁོད་ཡོད།

དེ་རྗེས་ས་ཡིག་བསྡུ་རུབ་བྱེད་པའི་ལས་འགུལ་རིམ་པ་གཉིས་པ་དབུ་འཛུགས་ཞུས་ཡོད་ཅིང།མེ་གྷན་ཁྲོམ་གཞུང་ནི་བཞུགས་སྒར་ཁུལ་གྱི་མི་སྣ་འདུ་འཛོམས་ཆེ་ཤོས་ཞིག་ཡིན་པ་དང།བོད་མི་དང་ས་གནས་རྒྱ་གར་ཙམ་མ་ཟད།འཛམ་གླིང་ཡུལ་ཕྱོགས་གང་ས་ནས་ཕེབས་པའི་ཕྱི་ནང་གི་སྐྱེ་བོ་མང་པོ་ཞིག་ཡོད་པར་བརྟེན།བོད་ནང་གར་སོང་ཆ་མེད་དུ་གྱུར་བའི་ཡ་ང་བའི་གནས་སྟངས་འདི་དག་ཞི་འཇམ་ཡོང་ཆེད་མི་སྣ་གང་མང་ཞིག་གི་ས་ཡིག་བསྡུ་རུབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་གར་སོང་ཆ་མེད་ཀྱི་ལས་དོན་ཚོགས་ཆུང་ལ་གོང་འབུལ་ཞུ་རྒྱུ་དང་།ལས་དོན་ཚོགས་ཆུང་དེ་བརྒྱུད་ནས་རྒྱ་ནག་ལ་སྔར་བས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་བཅས་རེད།

Leave a Reply

Your email address will not be published. Required fields are marked *