རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོར་སྲུང་བརྩི་ཞུ་བའི་ལས་འགུལ།

      June 27, 2018:30 AM

སྤྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༦ཉིན་ནི་རྒྱལ་སྤྱིའི་མནར་གཅོད་འགོག་པའི་དྲུས་དྲན་སྲུང་བརྩི་ཞུ་བའི་ཉིན་མོ་ཆགས་ཡོད་པ་དང།  དེ་ཉིན་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་རྡ་སྟེང་བོད་ཁྱིམ་ཚོང་ཁང་དུ་དེ་ག་སློབ་གྲྭའི་འཛིན་རིམ་བདུན་པའི་སློབ་ཕྲུག་ ༡༣༠ ཙམ་ཞིག་ཆེད་དུ་མཉམ་བཞུགས་ཀྱི་ཐོག་ནས་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་དང་འབྲེལ་བའི་ལས་འགུལ་སྤེལ་ཡོད་པ་དང། དེ་ཡང་སྔ་དྲོའི་ཕྱག་ཚོད་བཅུ་དང་ཕྱེད་ཀའི་ཐོག་ལས་འགུལ་དབུ་འཛུགས་ཀྱི་ཐོག་ནས་ཐོག་མར་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བཀྲིས་ནས་ལས་འགུལ་དེ་འདྲ་ཞིག་སྤེལ་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་ངོ་སྤྲོད་གསུང་བཤད་གནང་བ་དང།  དེ་རྗེས་རྒྱུན་ལས་བསོད་ནམས་རྡོ་རྗེ་ལགས་ནས་ལས་འགུལ་དང་འབྲེལ་བའི་བོད་ཡིག་གི་བསྒྲགས་གཏམ་སྒྲོག་སྦྱང་གནང་ཡོད་ཅིང།  དེ་ཡང་ཁོང་གི་བསྒྲགས་གཏམ་ནང་འཁོད་དོན། དེ་རིང་གི་ཉིན་མོ་འདི་ནི་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་ཐེངས་ ༣༤ ཡིན་པ་དང།  ང་ཚོས་དེ་རིང་གི་ཉིན་མོ་འདིར་སྲུང་བརྩི་ཞུ་བའི་དམིགས་ཡུལ་ནི་འདས་པའི་ལོ་ངོ་མང་པོའི་རིང་འཛམ་གླིང་འདིའི་ཐོག་བཙན་གནོན་གདུག་རྩུབ་ཀྱི་མི་སེར་སྤེལ་བའི་རིང་ལུགས་དང་། མི་རིགས་དབྱེ་འབྱེད།  ཆོས་ལུགས་དབྱེ་འབྱེད་། སྐད་ཡིག་དང་རིག་གཞུང་དབྱེ་འབྱེད་སོགས་དྲང་བདེན་མིན་པའི་ལམ་སྲོལ་གྱི་འོག་ནས་སྐྱེ་བོ་མང་པོ་ཞིག་ལ་མནར་གཅོད་ཚད་ལས་འདས་པ་ཕོག་ཡོད་པ་མ་ཟད།  དུས་ད་ལྟ་ཡང་སྔར་བཞིན་འཛམ་གླིང་འདིའི་ཐོག་དྲང་བདེན་ཞིག་གཏན་ནས་མེད་སྟབས། བཙན་གནོན་དང་མནར་གཅོད་ཀྱི་འོག་ནས་དཀའ་ངལ་མྱོང་མཁན་སྔར་བཞིན་གནས་ཡོད་པར་བརྟེན།  གཟི་བརྗིད་དང་ལྡན་པའི་དེ་རིང་གི་ཉིན་མོ་འདིར་ཁོ་ཚོས་མྱོང་བཞིན་པའི་བཙན་གནོན་ལ་གདུང་སེམས་མཉམ་སྐྱེས་དང་སྦྲག་འཛམ་གླིང་འདིའི་ཐོག་བསྐྱར་དུ་མནར་གཅོད་ཀྱི་དུས་རབས་མི་ཡོང་བའི་རེ་འབོད་ཡང་ཞུ་བཞིན་ཡོད།

སྤྱི་ལོ་  ༡༩༨༤ ལོར་འཛམ་གླིང་མནར་གཅོད་འགོག་པའི་ཉིན་མོར་གཏན་འཁེལ་བྱས་པ་ནས་ད་བར་འཛམ་གླིང་ཐོག་གི་མནར་གཅོད་འགོག་ཐབས་དང་།  འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་ཐད་སྔར་དང་མི་འདྲ་བའི་ཡར་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དེ་ནི་ང་ཚོས་བསྔགས་བརྗོད་བྱེད་དགོས་པ་ཞིག་ལོས་ཡིན།  ཡིན་ནའང།   དེང་སྐབས་འཛམ་གླིང་འདིའི་ཐོག་མནར་གཅོད་འགོག་ཐབས་བྱེད་པའི་ལས་འགན་སྔར་བཞིན་ཛ་དྲག་པོ་ཡིན་པ་དང།  རྒྱལ་ཁབ་དང་ས་ཁུལ་མང་པོའི་ནང་སྐྱེ་བོ་འབུམ་ཚོ་མང་པོར་བཙན་གནོན་དང་མནར་གཅོད་ཕོག་བཞིན་ཡོད་པ་དེ་ནི་མི་རྣམས་ཧ་ལས་དགོས་པའི་ཚད་ལ་སླེབས་ཡོད་ལ།  མི་རིགས་དབྱེ་འབྱེད་དང།  ཆོས་ལུགས་དབྱེ་འབྱེད།  ཕ་མོ་དབྱེ་འབྱེད་།  སྐད་ཡིག་དབྱེ་འབྱེད་སོགས་ཀྱི་གནས་ཚུལ་ཡང་ཧ་ཅང་ཛ་དྲག་པོ་ཡོད།   གནས་སྟངས་འདི་འདྲ་ཞིག་གི་སྐབས་ང་ཚོས་དེ་རིང་གི་དུས་དྲན་འདི་ནི་འཆར་ཅན་ཙམ་ཞིག་མ་ཡིན་པར་ང་ཚོ་མི་ཚང་མའི་སེམས་ནང་འཛམ་གླིང་འདིའི་ཐོག་བཙན་གནོན་དང་མནར་གཅོད་མེད་པའི་འཛམ་གླིང་ཞིག་ཆགས་ཐབས་ཀྱི་ཆེད་དམ་བཅའ་གསར་པ་དང་ཆོད་སེམས་གསར་པ་འཇོག་པའི་ཉིན་མོ་ཞིག་ཀྱང་ཆགས་ཡོད།

ད་ལྟའི་བོད་ནང་གི་གནས་སྟངས་ལ་ཆ་མཚོན་ན།  བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་ས་གནས་གང་སར་རྒྱ་ནག་གཞུང་གིས་དམག་མི་དང་ཉེན་རྟོག་པ་བཀྲམ་ནས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་སོ་བལྟ་བྱེད་བཞིན་ཡོད་པ་མ་ཟད།  གྲོང་ཁྱེར་དང་གྲོང་བརྡལ་གྱི་སྲང་ལམ་དང་ཁྲོམ་གཞུང་གང་སར་གསང་བའི་པར་ཆས་བཙུགས་ནས་སོ་བལྟ་བྱེད་ཀྱི་ཡོད། གནས་སྟངས་འདི་དག་མཐོང་སྐབས་ད་ལྟའི་བོད་ནང་གི་གནས་སྟངས་དེ་ཇི་ལྟ་བུའི་ཛ་དྲག་ཞིག་ཡིན་པ་རང་བཞིིན་གྱིས་ཤེས་རྟོགས་ཐུབ་ཀྱི་རེད་ལ། བོད་ཀྱི་རིས་མེད་དགོན་སྡེ་ཁག་དང་གཞི་རིམ་གྲོང་གསེབ་ཁག་གི་ནང་རྒྱ་གཞུང་གིས་ལས་དོན་ཚོགས་ཆུང་ཟེར་བ་མངགས་གཏོང་བྱས་ཏེ།  ཆབ་སྲིད་ཀྱི་སློབ་གསོ་དྲིལ་བསྒྲགས་དང་བཙན་གནོན་ཀྱི་ལས་འགུལ་ཁག་སྔར་བས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།གལ་ཏེ།བོད་མི་ཚོས་རྒྱ་གཞུང་གི་ལས་འགུལ་དེ་དག་ལ་མཉམ་བཞུགས་མ་བྱས་པའམ་ཡང་ན་རྣམ་འགྱུར་ཡག་པོ་མ་བསྟན་པ་ཙམ་གྱིས་ཀྱང་འཇུ་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པ་དེ་ནི་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་ཆགས་ཡོད་ཅེས་གསུངས་ཡོད།

དེ་རྗེས་སློབ་ཕྲུག་རེ་རེར་རས་གཞི་དཀར་པོ་རེ་སྤྲད་དེ་རས་གཞི་དེའི་ཐོག་རྒྱལ་སྤྱིའི་མནར་གཅོད་དང་འབྲེལ་བའི་སོ་སོའི་སེམས་ནང་གི་འཆར་སྣང་དང་རྨི་ལམ་མཚོན་བྱེད་ཀྱི་རི་མོ་དང་སྙན་ངག་འབྲི་བ་དང།  རས་གཞི་དེ་དག་སླར་ཡང་རས་ཀྱི་ཡོལ་བ་ཆེན་པོ་ཞིག་བཟོས་ཡོད་པ་དང།ཡོལ་བ་དེའི་མདུན་དུ་ཚང་མ་མཉམ་དུ་འདྲ་པར་རྒྱབ་ཏེ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་དུས་དྲན་སྲུང་བརྩིའི་ཉིན་མོ་དེའི་དྲན་རྟེན་བླངས་ཡོད།  དེ་རྗེས་ལས་འགུལ་གྱི་རིམ་པ་གཉིས་པར་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་མཚོན་པའི་གློག་བརྙན་ཞིག་གཟིགས་འབུལ་ཞུས་ཡོད་པ་དང།  གློག་བརྙན་དེ་བལྟས་ཚར་རྗེས་སློབ་ཕྲུག་རྣམས་ཚོགས་ཆུང་ཁག་བགོས་ཀྱི་ཐོག་ནས་ཚོགས་ཆུང་སོ་སོའི་སྐུ་ཚབ་འཐུས་མི་གཉིས་རེ་ཡར་ལངས་ནས་སོ་སོའི་བསམ་ཚུལ་དང་འཆར་སྣང་གང་རེ་ཡོད་མེད་གཏམ་བཤད་བྱས་ཏེ་ད་ཐེངས་ཀྱི་ལས་འགུལ་དེ་ལེགས་གྲུབ་ལྡན་པའི་ངང་ནས་མཇུག་བསྒྲིལ་བྱས་ཡོད།

Leave a Reply

Your email address will not be published. Required fields are marked *