རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི།

      December 12, 2017:58 AM

སྤྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་།  ༸གོང་ས་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་མི་ལོ་ཧྲིལ་པོ་ཉེར་བརྒྱད་འཁོར་བའི་དུས་དྲན་ཞིག་ཡིན་པ་དང། ཚེས་ ༡༡ ཉིན་འདི་ག་ཚོགས་པས་ཤེས་རབ་དགའ་ཚལ་སློབ་གླིང་དུ་དུས་དྲན་དེར་སྲུང་བརྩི་ཞུ་བའི་ལས་འགུལ་སྤེལ་ཡོད། དེ་ཡང་རྨི་ལམ་གྱི་ཡོལ་བ་ཞེས་པ་དང། དྲི་བར་ལན་འདེབས་བྱེད་པ། བསམ་ཚུལ་གླེང་སློང་སོགས་ཀྱི་ལས་འགུལ་མི་འདྲ་བ་ཁག་བཞི་ཙམ་སྤེལ་ཡོད།  དེ་ཡང་ཚེས་ ༡༠ ཉིན་དེ་གའི་སློབ་ཕྲུག་ཡོངས་རྫོགས་་གཞུང་འབྲེལ་མཛད་སྒོར་བཅར་དགོས་པར་བརྟེན་ལས་འགུལ་ཉིན་གཅིག་ཕྱི་བསྣུར་གྱིས་ཚེས་ ༡༡ ཉིན་སྤེལ་ཡོད། དེ་ཡང་སྔ་དྲོའི་ཕྱག་ཚོད་དགུ་པའི་ཐོག་སློབ་ཕྲུག་རྣམས་སློབ་གྲྭའི་ཚོགས་ཁང་ནང་འདུ་འཛོམས་བྱས་ཏེ་སློབ་ཕྲུག་རྣམས་རུ་ཁག་ལྔ་ལ་དབྱེ་བ་དང། འདི་ག་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་ནས་ད་ཐེངས་ཀྱི་ལས་འགུལ་འདི་སྤེལ་དགོས་པའི་རྒྱབ་ལྗོངས་དང་དགོས་པ་གང་ཡིན་པ་བཅས་ཀྱི་ཐོག་མའི་ངོ་སྤྲོད་གསུང་བཤད་གནང་བ་དང།   དེ་རྗེས་ལས་འགུལ་གཙོ་སྐྱོང་བ་རྒྱུན་ལས་བསོད་ནམས་རྡོ་རྗེ་ལགས་ཀྱི་གཙོ་སྐྱོང་འོག་རུ་ཁག་རེ་རེའི་ནང་གི་འཐུས་མིས་བསམ་ཚུལ་གླེང་སློང་ཞེས་པའི་བརྗོད་གཞི་བདམས་ནས་སྐར་མ་བདུན་ནས་བརྒྱད་པར་སོ་སོའི་བསམ་ཚུལ་ངག་ཐོག་ནས་བརྗོད་དགོས་པ་དང།  ཁྱོན་བསྡོམས་ཨང་རྟགས་བཀོད་པའི་བརྗོད་གཞི་མི་འདྲ་བ་ཁག་བཅུ་ཡོད་པ་དང། རུ་ཁག་རེ་རེས་བརྗོད་གཞི་མི་འདྲ་བ་ཁག་གཉིས་ཀྱི་ཐོག་ལས་བསམ་ཚུལ་དང་དགོངས་འཆར་གླེང་སློང་བྱེད་དགོས་ཀྱི་ཡོད།

ལས་རིམ་དེ་གྲུབ་རྗེས་རྨི་ལམ་གྱི་ཡོལ་བ་ཞེས་པའི་བརྗོད་གཞིའི་ཐོག་ནས་རིམ་པ་གཉིས་པ་དབུ་འཛུགས་ཞུས་ཡོད། དེ་ཡང་སློབ་ཕྲུག་རེ་རེར་རས་གཞི་དཀར་པོ་ཆུང་ཆུང་ཞིག་ཡོོད་པ་དང།  དེའི་ཐོག་སོ་སོའི་སེམས་ནང་གི་རྨི་ལམ་དང། རེ་བ། ཕུགས་བསམ་སོགས་ག་རེ་ཡོད་མེད་དེ་རི་མོ་འབྲི་བ་དང། ཡི་གེ་འབྲི་བ་སོགས་རྣམ་པ་གང་རུང་གི་ཐོག་ནས་མཚོན་ཐབས་བྱེད་དགོས་པ་དང། རས་གཞི་ཆུང་ཆུང་དེ་མཐར་རས་ཡོལ་ཆེན་པོ་ཞིག་བཟོས་ཏེ་ཐུན་མོང་གི་རྨི་ལམ་དང་རེ་བ། ཕུགས་འདུན་ག་རེ་ཡོད་པ་མཚོན་ཐབས་བྱས་ཡོད། ལས་རིམ་དེ་གྲུབ་རྗེས་དྲི་བར་ལན་འདེབས་བྱེད་པའི་རིམ་པ་འགོ་འཛུགས་ཞུས་ཡོད། དྲི་བར་ལན་འདེབས་བྱེད་པའི་རིམ་པ་དེར་ཁྱོན་བསྡོམས་བརྗོད་གཞི་མི་འདྲ་བ་ཁག་དྲུག་ཡོད་པ་སྟེ། རྒྱལ་རབས་དང། ཆོས་བྱུང། རྩོམ་རིག  ཆབ་སྲིད། འཐབ་རྩོད། སྐད་ཡིག་བཅས་རེད། བརྗོད་གཞི་རེ་རེར་དྲི་བ་མི་འདྲ་བ་ལྔ་རེ་ཡོད་ཅིང།  དྲི་བར་ལན་འདེབས་བྱེད་པ་དེ་ལ་ཡང་རིམ་པ་གཉིས་ཡོད་པ་སྟེ།  ཐོག་མར་རུ་ཁག་སོ་སོ་ནས་འཐུས་མི་གཉིས་བདམས་ནས་སྡེང་ཆའི་ཐོག་སོ་སོའི་སྡོད་གནས་སུ་འཁོད་རྗེས་ལས་འགུལ་གཙོ་སྐྱོང་བའི་བཀོད་སྒྲིག་ལྟར་ཨང་རྟགས་བཀོད་པའི་དྲི་བ་བདམས་དགོས་པ་དང་།  དྲི་བ་བདམས་ཚར་རྗེས་དྲི་བ་གཏོང་མཁན་གྱིས་ཨ་རིམ་བཞིན་དྲི་བ་གཏོང་གི་ཡོད་པ་དང།  དྲི་བར་ལན་འདེབས་བྱེད་སྐབས་སྐར་མ་གཅིག་གི་ནང་ཚུད་དུ་ལན་འདེབས་བྱེད་དགོས་ཀྱི་ཡོད།  ལན་འདེབས་འགྲིགས་ཚེ་དེ་ལ་གཞིགས་པའི་རྒྱ་ཆའི་སྐར་གྲངས་སྤྲོད་ཀྱི་ཡོད།  

དེ་རྗེས་ལས་འགུལ་གྱི་རིམ་པ་གཉིས་པ་འགོ་འཛུགས་ཞུས་ཡོད་ཅིང།  རིམ་པ་གཉིས་པ་དེར་སྡེང་ཆའི་ཐོག་གི་རུ་ཁག་སོ་སོའི་སྒྲོག་རྩེའི་མདུན་དུ་ཚོས་གཞི་མི་འདྲ་བའི་གློག་སྒྲོན་རེ་བཙུགས་ཡོད་པ་དང།  དྲི་བ་གཏོང་མཁན་གྱིས་དྲི་བ་ཀློག་ཚར་མ་ཐག་སུས་གློག་སྒྲོན་སྔོན་ལ་སྤར་ན་དེར་ལན་འདེབས་བྱེད་པའི་གོ་སྐབས་སྤྲོད་ཀྱི་ཡོད་ཅིང།  ལན་འདེབས་འགྲིགས་ཚེ་དེ་ལ་གཞིགས་པའི་རྒྱ་ཆའི་སྐར་མ་ཡོད་པ་དང་ལན་འདེམས་ནོར་ཚེ་སྐར་གྲངས་མར་བཅོག་གི་ཡོད།  བརྗོད་གཞི་དེ་གཉིས་ལ་ཁྱོན་བསྡོམད་དྲི་བ་དྲུག་བཅུ་ཡོད་ཅིང།  སྐར་གྲངས་ཐོ་ཤོས་ཐོབ་མཁན་གྱི་རུ་ཁག་དེར་བྱ་དགའ་སྤྲོད་རྒྱུ་དང།  དེ་མིན་ལས་རིམ་དང་པོའི་ནང་ངག་ཐོག་ནས་སོ་སོའི་བསམ་ཚུལ་དང་དགོངས་འཆར་གླེང་སློང་གནང་མཁན་གྱི་སློབ་ཕྲུག་བཅུ་ལ་འདི་ག་ཚོགས་པས་ཆེད་དུ་ཞིབ་འཇུག་བྱས་པའི་གྲྭ་བཙོན་ཁང་གི་ལོ་རྒྱུས་དང་།  བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་དེབ་རེ་སྤྲད་ཡོད།  མཐའ་དོན་ལས་འགུལ་ནང་མཉམ་བཞུགས་གནང་མཁན་རྣམས་རྨི་ལམ་གྱི་ཡོལ་བ་ཞེས་པའི་རས་ཡོལ་དེའི་མདུན་དུ་ཚང་མས་དྲན་རྟེན་གྱི་པར་བླངས་ནས་དེ་ཉིན་གྱི་ལས་མཇུག་བསྒྲིལ་ཡོད།

 

 

 

 

Leave a Reply

Your email address will not be published. Required fields are marked *