རྒྱུན་ལས་ལས་ཐོག

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་དྲུག་པའི་རྒྱུན་ལས་ཕྱི་མ་རྣམས་ངོ་སྤྲོད།


ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ནི་ཕྱི་ལོ་ ༡༩༨༦ ལོར་དྷ་སར་སྐྱེས་ཤིང་། ཆུང་དུས་ལོ་ ༤ ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་འཛིན་རིམ་བཅུ་བའི་བར་དུ་ཕྱིན། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་བོད་ཁྱིམ་གོ་པལ་པུར་དུ་ཐོན།
རྗེས་སུ་ལྡི་ལི་མཐོ་སློབ་ཏུ་དབྱིན་ཇིའི་རྩོམ་རིགས་ཐོག་གཙུག་ལག་སློབ་གྲྭ་ཐོན་པ་དང་ལྡེ་ར་ལྡུན་དུ་གཙུག་ལག་སྒྱུ་རྩལ་སློབ་དཔོན་ཐོན།
ཕྱི་ལོ་ ༢༠༠༣ ལོའི་ཕྱི་ཟླ་༡༠པའི་ནང་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མིར་ཞུགས།
ཕྱི་ལོ་ ༢༠༡༣ ལོའི་ལོ་འགོ་ནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ <བོད་ཀྱི་བུད་མེད་ཀྱི་ཁྲིམས་ལུགས་གོ་རྟོག་ནུས་སྤེལ་> གྱི་ལས་གཞིའི་འབྲེལ་མཐུད་ཀྱིས་གཞིས་ཆགས་ཁག་ས་གནས་བཅུ་དྲུག་ལ་ཟབ་སྦྱོང་སྤྲད་པར་ཕྱིན།
ཕྱི་ལོ་ ༢༠༠༣ ལོའི་ཕྱི་ཟླ་ ༩ ནང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་དྲུག་པའི་ཚོགས་ཆེན་ཐོག་རྒྱུན་ལས་སུ་འོས་འདེམས་བྱུང་བ་དང་། རྒྱུན་ལས་རྣམས་ཀྱིས་འོས་འདེམས་བྱས་པ་བཞིན་ད་ལྟའི་ཆར་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཞོན་དང་དབྱིན་ཡིག་སྟེང་བོད་ནང་ཉམས་ཞིབ་པའི་ལས་འགན་འཁུར་ཞུས་པ་དང།  སྤྱི་ལོ་ ༢༠༡༦ ཟླ་  ༩ པའི་ནང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཚོགས་གཙོར་འོས་འདེམས་བྱུང་ཡོད།


ཟླ་བ་བཀྲ་ཤིས་ལགས་ནི་ཕྱི་ལོ་ ༡༩༨༠ ཟླ་ ༥ ཚེས་ ༥ ཉིན་བོད་ལྗོངས་ས་ཁུལ་སྣ་དཀར་རྩེ་རྫོང་དུ་སྐྱེས་པ་དང་ཕྱི་ལོ་༡༩༨༨ ལོའི་ཟླ་ ༩ ནས་ཕྱི་ལོ་ ༡༩༩༡ ཟླ་ ༧ པར་གྲོང་ཚོའི་སློབ་ཆུང་དུ་སྐྱོད།
ཕྱི་ལོ་ ༡༩༩༡ ཟླ་ ༩ ནས་ཕྱི་ལོ་ ༡༩༩༤ ཟླ་ ༧ པར་རྫོང་ཆ་ཚང་སློབ་ཆུང་སྐྱོད།
ཕྱི་ལོ་ ༡༩༩༤ ཟླ་ ༩ ནས་ཕྱི་ལོ་ ༡༩༩༧ ཟླ་ ༧ བར་རྫོང་སློབ་འབྲིང་དུ་སྐྱོད།
ཕྱི་ལོ་ ༡༩༩༧ ཟླ་ ༩ ནས་ཕྱི་ལོ་ ༢༠༠༠ ཟླ་ ༧ པར་ལྷོ་ས་ཁུལ་མཐོ་རིམ་སློབ་འབྲིང་དུ་སྐྱོད།
ཕྱི་ལོ་ ༢༠༠༠ ཟླ་ ༩ ནས་ ཕྱི་ལོ་ ༢༠༠༣ ཟླ་ ༦ བར་བོད་ལྗོངས་སློབ་ཆེན་དུ་སྐྱོད།
ཕྱི་ལོ་ ༢༠༠༣ ཟླ་ ༦ ནས་ཕྱི་ལོ་ ༢༠༠༣ ཟླ་ ༨ བར་ཆབ་སྲིད་གནད་དོན་རྐྱེན་པས་ལྷ་སའི་གསང་ཡིབ་བཙོན་ཁང་ནང་བཙོན་འཇུག་བྱས།
ཕྱི་ལོ་ ༢༠༠༤ ཟླ་ ༣ པར་རྒྱ་གར་ནང་བཙན་བྱོལ་དུ་ཡོང་།
ཕྱི་ལོ་ ༢༠༠༧ ལོའི་སྐབས་བཞི་པ་དང་། སྤྱི་ལོ་ ༢༠༡༠ ལོའི་སྐབས་ལྔ་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་ལ་འདེམས་ཐོན་བྱུང་།
ཕྱི་ལོ་ ༢༠༡༣ ཟླ་ ༥ པར་འདི་གའི་ཚོགས་ཆེན་ཐོག་སླར་ཡང་རྒྱུན་ལས་སུ་འདེམས་ཐོན་བྱུང་བ་དང་།
ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༡༠ ནས་དབུས་སྤྱི་ཁྱབ་དྲུང་ཆེ་དང་རྒྱ་ཡིག་སྟེང་བོད་ནང་ཉམས་ཞིབ་པའི་ལས་འགན་འཁུར་མུས་ཡིན་པ་དང།  སྤྱི་ལོ་  ༢༠༡༦  ཟླ་ ༩ པའི་ནང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་སུ་འོས་འདེམས་བྱུང་བ་དང།སྐབས་བདུན་པའི་རྒྱུན་ལས་རྒྱས་འཛོམས་ཐེངས་དང་པོའི་ཐོག་ཚོགས་གཞོན་དུ་འོས་འདེམས་བྱུང་ཡོད།


རྒྱལ་ཐང་སྦྲུལ་སྐུ་ཀུན་མཁྱེན་བྱམས་ཆེན་ཆོས་རྗེ་ལགས་ནི་བོད་ཤར་ཕྱོགས་རྒྱལ་ཐང་གཏེར་མ་རོང་དུ་སྐྱེས། ༸གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་དང་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་རྣམ་གཉིས་ཀྱིས་ངོས་འཛིན་མཛད། དེ་ནས་རིམ་བཞིན་དགོངས་གྲངས་ལྔ་ནས་བཅུ་བཞིའི་བར་དུ་རྒྱ་ནག་གི་སློབ་གྲྭར་ཕྱིན་པ་དང་། རང་ལོ་བཅོ་ལྔ་ཟིན་མཚམས་སུ་རྒྱལ་ཐང་སུམ་རྩེན་གླིང་དུ་ཚོགས་ཞུགས་གནང་། དགོངས་གྲངས་བཅུ་དྲུག་སྟེང་རྒྱ་གར་དུ་ཡོང་ནས་སེར་སྨད་གྲྭ་ཚང་དུ་ཚོགས་ཞུགས་གནང་། ལོ་དེར་༸གོང་ས་མཆོག་གི་ཞབས་དྲུང་དུ་དགེ་སློང་བསྒྲུབས་ནས་སྔར་བཞིན་སེར་སྨད་གྲྭ་ཚང་དུ་ཚོགས་ཆོས་སློབ་གཉེར་ལ་བརྩོན་པ་གནང་།
དགོངས་གྲངས་ཉེར་གསུམ་སོན་སྐབས་རང་ཡུལ་དུ་ཕྱིན་ནས་གཞིས་དགོན་གཏེར་མ་རོང་དགོན་གསར་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་ཕ་ཡུལ་གྱི་དགོན་པ་དང་མི་དམངས་ལ་ཕན་པའི་བྱ་བ་གང་མང་དང་ལྷག་པར་ཆོས་ལུགས་ཕན་ཚུན་ལ་མཐུན་ལམ་གང་ལེགས་བཟོས།
ཕྱི་ལོ་ ༢༠༠༠ ལོར་རྒྱ་གཞུང་གིས་ཁོང་ཉིད་སྤྲུལ་སྐུ་ཡིན་པ་ཁས་ལེན་བྱས།
ཕྱི་ལོ་ ༢༠༠༥ ལོར་པཎ་ཆེན་སྐུ་གོང་མ་མཆོག་གི་བཙུགས་གནང་བའི་ནང་བསྟན་མཐོ་རིམ་སློབ་གླིང་ནས་ཐོན།
ཕྱི་ལོ་ ༢༠༠༧ ལོར་མི་རིགས་སློབ་གྲྭ་ཆེན་མོ་ནས་ཐོན་པ་དང་ལོ་དེའི་ཕྱི་ཟླ་ ༡༡ པ་དང་ ༡༢ ནང་རྒྱུ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བའི་ནང་བོད་མི་དམངས་ཚང་མར་༸གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་དང་། ༸རྒྱལ་བ་རིན་པོ་ཆེར་དད་པ་དང་ཡིད་ཆེས་བྱ་མི་ཆོག་བཅས་ཀྱི་སློབ་གསོ་སྤེལ་བའི་སྐབས་ངོ་རྒོལ་གྱི་ཡི་གེ་སྦྱར་བ་དང་། ཡི་གེའི་ནང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཀྱི་མི་དམངས་རྣམལ་ལ་གསལ་བསྒྲགས་བྱེད་རྒྱུར་ “བོད་ནི་སྔར་གྱི་ལོ་རྒྱུས་ནང་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་རེད། བདེ་ཆེན་རང་སྐྱོང་ཁུལ་གྱི་མི་དམངས་རྣམས་དང་དགོན་སྡེ་ཁག་གི་སྤྲུལ་སྐུ་གྲྭ་བ་ཚང་མས་གཙོ་བོ་གུང་ཁྲན་ཏང་དང་ཧུའུ་ཅན་ཏོ་ལ་ཁ་གཏད་གཅོག་དགོས། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་རྣམས་དང་དགོན་སྡེ་ཁག་གི་སྤྲུལ་སྐུ གྲྭ་བ་ཚང་མས་༸རྒྱལ་བ་རིན་པོ་ཆེར་རྒྱབ་སྐྱོར་གནང་དགོས་པ་དང་། མ་འོངས་པར་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡོང་བར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་རྣམས་དང་དགོན་སྡེ་ཁག་གི་སྤྲུལ་སྐུ་གྲྭ་བ་ཚང་མས་སྨོན་ལམ་བརྒྱབ་རོགས་” ཞེས་རྒྱ་ཡིག་ཐོག་བྲིས་པ་ཡིན།
དེར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་བཙོན་ཁང་དུ་ལོ་གཅིག་ཟླ་དྲུག་བཀག་ཉར་བྱས། བཙོན་ཁང་ནས་གློད་གྲོལ་ཐོབ།
ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་དུ་སྤ་སེ་མེད་པར་བྲོས་བྱོལ་དུ་ཡོང་བ་ཡིན། ཕྱི་ལོ་ ༢༠༡༣ ལོར་༸གོང་ས་མཆོག་གི་ཐུགས་རྩིས་ཆེན་པོ་གནང་བའི་དབང་གིས་གུས་པོས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་དགེ་བཤེས་གཏོང་སྒོ་དང་བླ་མིའི་ཆོས་བཞུགས་སོགས་ཀྱི་བྱེད་སྒོ་མཐའ་དག་ལེགས་པར་གྲུབ།
ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཛ་དྲག་ཚོགས་ཆེན་སྟེང་འོས་ཐོབ་ལྟར་ད་ལྟ་ཕྱོགས་བཞུགས་རྒྱུན་ལས་ཀྱི་ལས་འགན་འཁུར་ཞུ་མུས་ཡིན་པ་དང།  སྤྱི་ལོ་ ༢༠༡༦ ཟླ་ ༩ པའི་ནང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བདུན་པའི་ཐོག་དབུས་རྒྱུན་དུ་འོས་འདེམས་བྱུང་བ་དང།སྐབས་བདུན་པའི་རྒྱུན་ལས་རྒྱས་འཛོམས་ཐེངས་དང་པོའི་ཐོག་དྲུང་སྤྱིར་འོས་འདེམས་བྱུང་ཡོད།


ཨ་དཔལ་བློ་བཟང་བསྟན་འཛིན་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་ཁམས་ཏྲེ་ཧོར་བྲག་ཟེར་གྲོང་དུ་ཕ་གྲ་དཔལ་དང་མ་ཚེ་རིང་དཔལ་སྒྲོན་གཉིས་ཀྱི་བུ་ཆེ་བ་རུ་སྐྱེས། ཕྲན་ཆུང་དུས་ཕ་མའི་བཀའ་དྲིན་གྱིས་སློབ་གྲྭ་ཆུང་འབྲིང་སོགས་ཐོན།
ཕྱི་ལོ་ ༡༩༨༩ ལོར་ལྕོག་རི་དགོན་པར་རབ་ཏུ་བྱུང་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུས་ནས་དགོན་པ་དེའི་ནང་དུ་བོད་ཀྱི་ནང་ཆོས་དང་རིགས་གནས་སོགས་གང་མང་སྦྱང་། ༡༩༩༠ ལོར་ཁམས་དཀར་མཛེས་ཁུལ་དཀར་མཛེས་རྫོང་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་མོས་བཙུགས་གནང་བའི་སི་ཁྲོན་བོད་ཡིག་ནང་བསྟན་སློབ་གླིང་དུ་ལོ་བཞི་རིང་བོད་ཀྱི་ནང་བསྟན་རིག་གནས་སོགས་སྦྱང་ནས་སློབ་མཐར་ཕྱིན།
ཕྱི་ལོ་ ༡༩༩༣ ལོར་རང་དགོན་དུ་ལོག་ཏེ་རིག་གནས་དང་ནང་ཆོས་དགེ་རྒན་བྱས། ཕྱི་ལོ་ ༡༩༩༤ ལོར་སློབ་སྦྱོང་དང་༸གོང་ས་མཆོག་ཞལ་མཇལ་ཆེད་བྲོས་བྱོལ་དུ་རྒྱ་གར་སླེབས་ནས་རྒྱ་གར་ལྷོ་ཕྱོགས་རྒྱུད་སྨད་དགོན་དུ་བོད་ཀྱི་གསང་བའིི་སྔགས་ཀྱི་སྡེ་ཚན་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༩ ལོར་་བོད་དུ་ལོག་ནས་ལྕོག་རི་དགོན་གྱི་སློབ་གྲྭ་བ་ལ་རིག་གནས་དང་ཡིག་གཟུགས་དགེ་རྒན་ལོ་ལྔ་ཙམ་བྱས་ཀྱང་སྐབས་དེར་སློབ་ཁྲིད་བརྗོད་གཞི་དེ་རྒྱ་དམར་གཞུང་གི་ཁྲིམས་དང་འགལ་བ་བྱུང་ནས།
ཕྱི་ལོ་ ༢༠༠༤ ལོར་རྒྱ་གར་དུ་བྲོས་བྱོལ་ཐེངས་གཉིས་པ་ཡོང་དགོས་བྱུང་། ཕྱི་ལོ་ ༢༠༠༥ ལོར་གུས་པོས་བོད་ནས་སྦྱོང་ཟིན་པའི་ལག་ཁྱེར་ལ་བོད་ཀྱི་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་སྐུ་ངོས་སློབ་ཐོན་ལག་ཁྱེར་ལ་དཔྱད་ཞིབ་གནང་ནས་སཱ་ར་བོད་ཡིག་མཐོ་སློབ་འགྲོ་ཆོག་པའི་བཀའ་ཁྲོལ་གནང་བ་ལྟརདེ་རུ་གཅིག་རིང་རིག་གནས་སློབ་སྦྱོང་བྱས། ཕྱི་ལོ་༢༠༠༧ལོར་བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པའི་སློབ་གྲྭ་རུ་ལོ་གཅིག་གི་རིང་སློབ་ཡོན་རང་ངོས་ནས་སྦྱར་ཏེ་བོད་ཀྱི་རིག་གནས་དང་དབྱིན་ཡིག་དང་གློག་ཀླད་སོགས་སྦྱོང་། ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་གཞི་དགའ་མེ་ལོང་དགའ་འཁྱིལ་དུ་མུ་མཐུད་དེ་དབྱིན་ཡིག་ལོ་མང་རིང་སྦྱང་པས་གནས་རིམ་ intermediate བར་དུ་ཐོབ་ཡོད། ཕྱི་ལོ་ ༢༠༡༤ ལོའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའིཛ་དྲག་ཚོགས་ཆེན་སྟེང་རྒྱུན་ལས་སུ་འོས་འདེམས་བྱུང་དོན་ལྟར་། ཉེ་ཆར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དབུས་སྤྱི་ཁྱབ་དངུལ་གཉེར་གྱི་ལས་འགན་འཁུར་མུས་ཡིན་པ་དང།  སྤྱི་ལོ་  ༢༠༡༦  ཟླ་ ༩ པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བདུན་པའི་ཐོག་རྒྱུན་ལས་སུ་འོས་འདེམས་བྱུང་བ་དང།སྐབས་བདུན་པའི་རྒྱུན་ལས་རྒྱས་འཛོམས་ཐེངས་དང་པོའི་ཐོག་དངུལ་གཉེར་འོས་འདེམས་བྱུང་ཡོད།


བསོད་ནམས་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༧༤ ལོར་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་བཀྲིས་གདོང་ཤང་ཞོལ་གྲོང་ཚོར་སྐྱེས་པ་དང་། སློབ་ཆུང་དང་སློབ་འབྲིང་སོགས་རིམ་པ་འགྲིམས་རྗེས་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་བརྒྱུད་ནས་བོད་ནང་དུ་༸གོང་ས་མཆོག་གི་བཀའ་སློབ་དང་། གཞུང་འབྲེལ་ཡིག་ཆ་སོགས་འགྲེམས་སྤེལ་གང་མང་བྱས་རྐྱེན་རྒྱ་ནག་གཞུང་གིས། ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༡༠ ཉིན་ནས་ཟླ་ ༣ རིང་འཇུ་བཟུང་བཀག་ཉར་བྱས་ཏེ་ལྷོ་ཁ་སྣེ་གདོང་རྫོང་བཙོན་ཁང་དུ་བཅུག ཡིན་ནའང་། རང་ངོས་ནས་ཁས་ལེན་གང་ཡང་བྱས་མེད་པ་དང་། ཁོ་ཚོར་ཡང་དཔང་རྟགས་ཁུངས་བཙན་གང་ཡང་ལག་སོན་བྱུང་མེད་པའི་དབང་གིས། མཐར་གློད་བཀྲོལ་མི་གཏོང་ཀ་མེད་བྱུང་བ་དང་།
དེ་རྗེས་ཕྱིལོ་ ༡༩༩༥ ལོར་མོན་སྟ་དབང་རྒྱུད་ནས་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བ་ཡིན། རྒྱ་གར་དུ་སླེབས་ནས་ད་བར་རང་ནུས་གང་ཡོད་ཀྱིས་རང་གཞུང་ལ་སྲིད་ཞུ་ཞབས་འདེགས་ཞུས།
ཕྱི་ལོ་ ༢༠༡༣ ལོའི་རང་རེའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་དྲུག་པའི་ཚོགས་ཆེན་སྟེང་རྒྱུན་ལས་སུ་འོས་འདེམས་བྱུང་བ་དང་ཕྱོགས་བཞུགས་རྒྱུན་ལས་ཀྱི་ལས་འགན་ཁུར།
ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༦ ཚེས་ ༡ ཉིན་ནས་ད་ལྟའི་ཆར་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའིོ་དབུས་སྤྱི་ཁྱབ་ཚེམ་ཁང་འགན་འཛིན་གྱི་ལས་འགན་འཁུར་མུས་ཡིན་པ་སད།  སྤྱི་ལོ་ ༢༠༡༦ ཟླ་ ༩ པའི་ནང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བདུན་པའི་ཐོག་རྒྱུན་ལས་སུ་འོས་འདེམས་བྱུང་བ་དང།སྐབས་བདུན་པའི་རྒྱུན་ལས་རྒྱས་འཛོམས་ཐེངས་དང་པོའི་ཐོག་དཔལ་འབྱོར་འགན་འཛིན་དུ་འོས་འདེམས་བྱུང་ཡོད།

 

 


རྡོ་རྗེ་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༨༤ ལོར་ཕྱི་ཟླ་ ༨ ཆེས་ ༨ ཉིན་བོད་མདོ་སྨད་ཡུལ་རྒན་རྫོང་སྟེ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཆེན་མོ་སོག་པོ་མདའ་བཅུ་གཅིག་གི་ཡ་གྱལ་ཐོར་རྒོད་སྡེ་བ་རུ་སྐྱེས།
རང་ལོ་ ༨ ཟིན་པ་ནས་ཡུལ་དེའི་སློབ་ཆུང་རིམ་པར་འགྲིམས།
རང་ལོ་ ༡༤ སྟེང་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་མཚན་ནས་བརྗོད་པར་དཀའ་བའི་དགེ་བའི་བཤེས་གཉེན་ཆེན་མོ་དུ་མ་སྤྱི་བོའི་གཙུག་ཏུ་བཀུར་ནས་ཡི་གེ་དཀར་ནག་དང་། སུམ་རྟགས་དག་གསུམ། རྩིས་དཀར་ནག སྒྲ་སྙན་དངགས་བཅས་བོད་ཀྱི་རིག་གནས་ལ་སྦྱང་བ་མི་དམན་པ་བྱས་ནས་གྲྭ་ཚང་གི་རིག་གནས་ཀྱི་རྒྱུགས་སྤྲོད་ལེགས་པར་ཐོན།
ཕྱི་ལོ་ ༢༠༠༣ ལོ་ནས་གཞིས་སུ་གཞུང་སྒེར་གྱི་ཚགས་པར་དུས་དེབ་ཁ་ཤས་སུ་རྩོམ་ཡིག་གང་མང་སྤེལ།
ཕྱི་ལོ་ ༢༠༠༥ ལོར་ཀན་སུའུ་ཞིང་ཆེན་སྣང་བསྟན་མཐོ་སློབ་གླིང་དུ་ཡིག་རྒྱུགས་འཕྲོད་ནས་དེ་གའི་ལམ་རིམ་འཛིན་གྲྭ་རུ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་གྲུབ་མཐའ་གཙོས་བོད་ཀྱི་རིག་གནས་དང་རྒྱ་ཡིག་ལ་ཡང་བསྐྱར་སྦྱང་བ་ བྱས། བར་སྐབས་དེར་གྲོགས་པོ་འགའ་དང་མཉམ་པོར་༸གོང་ས་མཆོག་གི་གསུང་དེབ་མང་པོ་ཞིག་དཔར་སྐྲུན་གྱིས་ཀན་སུའུ་ཕྱོགས་ཀྱི་ས་གནས་མང་པོར་བཀྲམས་རྐྱེན་ཡུལ་དེར་སྡོད་ཐབས་བྲལ་ནས་འདི་གར་བཙོན་བྱོལ་དུ་མི་ཡོང་ཐབས་མེད་བྱུང་།
ཕྱི་ལོ་ ༢༠༠༧ ལོར་འདི་གར་བཙན་བྱོལ་དུ་འབྱོར་ནས་ལྷོ་ཕྱོགས་ཕོ་ཉ་གཙོས་དུས་དེབ་དང་དྲ་ཚིགས་སོགས་སུ་སྙན་ངག་གཙོས་རྩོམ་ཡིག་མང་དུ་སྤེལ།
ཕྱི་ལོ་ ༢༠༠༨ ལོར་རྒྱལ་སྤྱིའི་པེན་ International PEN གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་རང་ཚོགས་པའི་ཚོགས་མིར་ཞུགས།
ཕྱི་ལོ་ ༢༠༠༩ ལོར་རང་ཚོགས་པའི་མཐུན་སྦྱོར་འོག་འདི་གའི་ལོ་གཅིག་གི་གློག་ཀླད་སྦྱོང་བརྡར་སློབ་གྲྭར་ཞུགས།
ཕྱི་ལོ་ ༢༠༡༠ ལོ་ནས་སྤྱི་ཚོགས་མེ་ལོང་རྩོམ་སྒྲིག་པ་དང་དྲ་བ་དོ་དམ་པ། གསར་འགོད་པ་བཅས་ཀྱི་ལས་ཀ་བྱས།
ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༩ བའི་ནང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་སུ་འོས་འདེམས།
ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༥ བར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱུན་ལས་སུ་འོས་འདེམས་བྱུང་བ་བཞིན་ད་ལྟའི་ཆར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དབུས་སྤྱི་ཁྱབ་རྩོམ་སྒྲིག་པ་དང་བོད་ཡིག་སྟེང་བོད་ནང་ཉམས་ཞིབ་པའི་ལས་འགན་འཁུར་མུས་ཡིན་པ་དང།  སྤྱི་ལོ་ ༢༠༡༦ ཟླ་ ༩ པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བདུན་པའི་ཐོག་རྒྱུན་ལས་སུ་འོས་འདེམས་བྱུང་ཡོད།


6

འཆི་མེད་རྡོ་རྗེ་

འཆི་མེད་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༨༧ ཟླ་ ༡༡ ཚེས་ ༡༠ ཉིན་ཕ་ཆབ་བཙོན་ཏྲེ་ཧོར་རྡོ་རིང་ཁུག་ཚང་དོན་འགྲུབ་དབང་རྒྱལ་དང་མ་མི་ཉག་བདེ་ཆེན་སྒྲོལ་མ་གཉིས་ཀྱི་བུ་ཆུང་བ་རུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༦ ལོར་ནང་མི་ཡོངས་དང་ལྷན་དུ་བཙན་བྱོལ་དུ་འབྱོར། དེ་རྗེས་ཤེས་རབ་དགའ་སློབ་གླིང་དུ་ལོ་ལྔ་མ་ཟིན་ཙམ་ལ་བོད་དབྱིན་གློག་ཀླད་དང་བཅས་པ་སྦྱངས་ནས་སློབ་མཐར་ཕྱིན།
ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༦ ནས་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་བཅུ་གཉིས་པའི་གློག་ཀླད་སྦྱོང་བརྡར་འཛིན་གྲྭར་ཞུགས་ནས་ ༢༠༡༢ ལོའི་ཕྱི་ཟླ་ ༦ བར་སློབ་མཐར་ཕྱིན།
ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༩ ནས་ཟླ་ ༥ བར་རྒྱ་གར་བྱང་ཕྱོགས་དྷ་སར་བརྟེན་གཞི་བྱས་པའི་ནང་བསྟན་སྲི་ཞུ་ཁང་གི་བཀའ་བསྟན་དཔེ་བསྡུར་སྡེ་ཚན་ལས་ཀ་བྱས།
སྤྱི་ལོ་ ༢༠༡༤ ལོའི་ཟླ་ ༥ པའི་ཚེས་ ༢༥ དང་ ༢༦ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཛ་དྲག་གི་ཚོགས་འདུའི་ཁྲོད་ནས་དབུས་རྒྱུན་དུ་འོས་འདེམས་བྱུང་བ་དང་། ད་ལྟའི་ཆར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དབུས་སྤྱི་ཁྱབ་གཉེར་པ་དང་སློབ་སྤྱིའི་ལས་ཀ་གཅིག་ལྕོགས་ཀྱི་ལས་འགན་འཁུར་མུས་ཡིན་པ་དང་  །སྤྱི་ལོ་  ༢༠༡༦ ཟླ་ ༩ པའི་ནང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བདུན་པའི་ཐོག་རྒྱུན་ལས་སུ་འོས་འདེམས་བྱུང་ཡོད།

 


9

འཇམ་དབྱངས་སྤྱིན་པ་

འཇམ་དབྱངས་སྤྱིན་པ་ལགས་ནི་ཕྱི་ལོ་ ༡༩༨༧ ལོར་བོད་མདོ་སྨད་བླ་བྲང་གི་ལྷ་སྡེ་བསང་ཁོག་དངུལ་རྭའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ལོ་ ༨ ཙམ་གྱི་སྟེང་བསང་ཆུ་རྫོང་དུ་སློབ་ཆུང་འགྲིམས་ཤིང་། རང་ལོ་ ༡༢ སྟེང་རང་གི་འདོད་མོས་བཞིན་ཕ་མས་གནང་བ་ཐོབ་སྟེ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནས་རབ་ཏུ་བྱུང་། ཡུན་རིང་མ་འགོར་བར་རྒྱུགས་སྤྲོད་ཀྱི་ལམ་ནས་རྨད་བྱུང་ཐོས་བསམ་གླིང་གྲྭ་ཚང་གི་ཆོས་གྲྭར་ཚུད།
དེ་ནས་ ༢༠༠༨ མ་ཟིན་པར་དུ་དེ་གར་སློབ་གཉེར་ཕྲན་ཙམ་རེ་བྱས་ནས་གྲྭ་པ་སྤྱི་བྱིངས་ལྟར་ཚོགས་ཆོས་འགྲིམས་ནས་བསྡད། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་བླ་བྲང་ནས་ཞི་རྒོལ་ཤུགས་ཆེན་བྱས་པའི་ནང་ཕྲན་ཡང་མཉམ་ཞུགས་ཀྱི་བསྐལ་བ་ལྡན། ལས་འགུལ་གྱི་ཉིན་གཉིས་པ་སྟེ་ཚེས་བཅོ་ལྔའི་ཉིན་དྲག་ཆས་སྤྲས་པའི་རྒྱའི་དཔུང་དམག་གིས་ང་ཚོ་ཞི་རྒོལ་བ་རྣམས་གང་སར་བདས་ཏེ་དྲག་གནོན་བྱེད་སྐབས། ཕྲན་ལ་ཁོ་ཚོའི་རླངས་དུག་ཚབས་ཆེན་ཕོག་སྟེ་འགྲོ་མ་ནུས་པའི་ཁར་དབུགས་ཀྱང་གཏོང་མ་ཐུབ་པ་སོགས་དངངས་སྐྲག་ཚད་མེད་པ་ཞིག་སྐྱེས། ཡིན་ཡང་སྐབས་དེར་མི་གཉིས་ཀྱི་རོགས་རམ་ལ་བརྟེན་ནས་རྒྱ་ལག་ཏུ་མ་ཤོར་ཙམ་བྱུང་། སྐབས་དེ་ཙམ་ལ་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་གཉའ་སྒུར་མི་འདོད་པའི་སེམས་ཚོར་དྲག་པོ་སྐྱེས་པ་དང་། ཚེས་ ༡༨ ཡས་མས་ཤིག་ལ་༸གོང་ས་མཆོག་རང་ཡུལ་དུ་ཕེབས་ཆེད་སོགས་བོད་བསྟན་སྲིད་ཀྱི་དོན་དུ་འཕྲལ་ཕུགས་ཀྱི་འདོད་འདུན་མང་པོ་ཞིག་སེམས་སུ་ཉར་ཏེ་རྒྱ་གཞུང་ལ་ཞི་རྒོལ་ཐེངས་གཅིག་བྱ་རྒྱུའི་སེམས་ཐག་གཙང་བཅད་བྱས། དེར་བརྟེན་ཐོག་མའི་ཆར་ཉེན་ཁ་དང་དཀའ་ལས་རིམ་པ་ཞིག་བརྒྱུད་ནས་རྒྱལ་དར་ཆེན་པོ་ཞིག་ཀྱང་འཚེབ་དྲུབ་བྱས་ཤིང་། དེའི་ཕྱི་ངོས་སུ་ཡི་གེ་རིམ་པ་གསུམ་བཀོད་ཡོད་པ་ནི་འདི་ལྟར།
༡ མཐར་བཙན་འཛུལ་མཁན་གྱི་ཚད་མེད་པའི་བཙན་གནོན་ལ་བོད་མི་ཡོངས་རྫོགས་ནས་སྡུག་འཁུར་མ་ཐུབ་པར” ངའི་མི་མང་གི་བཟོད་པའི་མཐའ་ཟད་པ་རེད” གསུངས་པ་བཞིན་དང་།
༢ གཟུགས་ཅན་ལུས་ཀྱི་ཕུང་བོ།། ཚད་མེད་མནར་གཅོད་བཏང་ཡང་།། ནང་གི་ཤེས་པ་གསལ་པོ།། འཁོར་ས་ཡིད་བཞིན་ནོར་བུ།།
༣ སངས་རྒྱས་ཀྱི་བསྟན་དོན་དང་སེམས་ཅན་གྱི་བདེ་སྐྱིད་ཀྱི་ཆེད་དུ་བོད་མི་ཚོ་ཞི་བའི་སྒོ་ནས་ཡར་ལ་ལོངས” ཞེས་བྲིས་ཡོད། ལོ་དེའི་ཕྱི་ཟླ་ ༤ ཚེས་ ༨ ཉིན་འདོད་ཐོག་ལ་རྟ་བརྒྱུགས་ཏེ་ཕྱི་ཉིན་ཏེ་ཚེས་ ༩ ཉིན་དངོས་སུ་རྒྱལ་སྤྱིའི་གསར་འགོད་པའི་མདུན་སར་ཡར་ལངས་སྐད་འབོད་བྱེད་པའི་གོ་སྐབས་ཐོབ། དང་ཐོག་ཕྱོགས་སུ་འབྲོ་རྒྱུ་ཞིག་དང་བྲོས་ནས་ཐར་རྒྱུ་ཞིག་བསམ་བློའི་ཟུར་ནའང་མེད་པ་མ་ཟད། ད་དུང་གློ་བུར་དུ་ཚེ་སྲོག་ཕྲ་མོ་འདི་ཤོར་དགོས་བྱུང་ཡང་འགྱོད་སེམས་མེད་པའི་ལབ་གླེང་བྱུང་། འོན་ཀྱང་རང་ཉིད་ཀྱི་ལས་དབང་ཞིག་གིས་ཡར་ལངས་ཀྱི་ཉིན་གཅིག་གི་རྗེས་ནས་འབྲོག་སར་བྲོས་བྱོལ་ལ་འགྲོ་བའི་གོ་སྐབས་བྱུང་བ་དང་། དེ་གར་རི་མགོའི་ས་ཁུལ་འདྲ་མིན་ནས་ལོ་གཅིག་ལྷག་རིང་དཀའ་ངལ་རིམ་པ་ཞིག་གདོང་ལེན་གྱིས་སྦས་སྐུང་གི་འཚོ་བ་རོལ་དགོས་བྱུང་ཞིང་།
ཕྱི་ལོ་ ༢༠༠༩ ཟླ་ ༥ བའི་ནང་བཙན་བྱོལ་ལའང་ཡོང་ཐུབ་པ་བྱུང་བའི་ཁར། ༸རྒྱལ་བ་དོན་གྱི་བདག་པོས་ཞལ་གསུང་དངོས་སུ་བསྩལ་བ་སོགས་རྨི་ལམ་མངོན་གྱུར་ལྟ་བུའི་བསྐལ་བཟང་གི་གོ་སྐབས་བཟང་པོ་བྱུང་།
དྷ་སར་འབྱོར་ནས་ཟླ་ངོ་གཉིས་ཀྱི་རྗེས་སུ་ས་རཱ་མཐོ་སློབ་ཏུ་ཞུགས་ཏེ་ཕྱི་ལོ་ ༢༠༡༣ ལོར་སློབ་མཐར་ཕྱིན། དེ་རྗེས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་མཐུན་སྦྱོར་འོག་འདི་གའི་ལོ་གཅིག་གི་རྩིས་འཁོར་སྦྱོང་བརྡར་སློབ་གྲྭ་ཐོན་པ་དང་། སྐབས་དྲུག་པའི་ཚོགས་ཆེན་སྟེང་རྒྱུན་ལས་སུ་འོས་འདེམས་བྱུང་བ་བཞིན་ད་ལྟའི་ཆར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་སྐབས་དྲུག་པའི་ཕྱོགས་བཞུགས་རྒྱུན་ལས་ཀྱི་ལས་འགན་འཁུར་མུས་ཡིན་པ་དང།  སྤྱི་ལོ་  ༢༠༡༦  ཟླ་  ༩ པའི་ནང་བོད་ཀྱི་དགུ་བཅུ་གུམས་ལས་འགུལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བདུན་པའི་ཐོག་རྒྱུན་ལས་སུ་འོས་འདེམས་བྱུང་ཡོད།