རྡུང་ལེན་མཁན་ཞིག་མི་ལོ་ལྔ་ཡི་བཙོན་འཇུག་གི་འཚོ་བ་མཇུག་བསྒྲིལ་བ།

      February 22, 2018:17 AM

དེ་ཡང་གསར་འགྱུར་རྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན།  སྤྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༣ ཉིན་ཤ་བོ་བཀྲིས་མི་ལོ་ལྔ་ཡི་བཙོན་འཇུག་གི་ལོ་དུས་རྫོགས་ནས་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འདུག  དེང་སྐབས་བོད་ཡུལ་གང་སར་ཚད་གཞི་འདྲ་མིན་གྱི་ལོ་དུས་རྫོགས་ནས་གློད་བཀྲོལ་ཐོབ་པའི་བོད་མི་ཆབ་སྲིད་བཙོན་པ་གཅིག་རྗེས་གཉིས་མཐུད་ཡིན་ལ། འཇུ་བཟུང་དང་ཚད་གཞི་འདྲ་མིན་གྱི་ལོ་ཚད་བཟོས་ཏེ་ཁྲིམས་ཆད་བཏང་བའི་བཙོན་པ་ཡང་གཅིག་རྗེས་གཉིས་མཐུད་རེད།  གནས་ཚུལ་དེ་དག་ལ་བལྟས་ན།  དེང་སྐབས་བོད་ཁུལ་ཧྲིལ་པོར་རྒྱ་གཞུང་གིས་བོད་མི་རིགས་དང་བོད་མི་དམངས་ཀྱི་ཁེ་ཕན་དང་རང་དབང་གི་ཆེད་འབད་བརྩོན་བྱེད་མཁན་གྱི་བོད་མི་རྣམས་བཙོན་འཇུག་དང་མནར་གཅོད་གཏོང་སའི་བཙོན་ཁང་གིས་ཁེངས་ནས་བསྡད་ཡོད།  བོད་མི་དེ་དག་འཇུ་བཟུང་དང་དུས་བཀག་བཙོན་འཇུག་བྱེད་སྐབས་ཁོ་ཚོ་ཚང་མར་སོ་སོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བ་རེ་དང་རྣམ་པ་མི་འདྲ་བའི་གནས་སྟངས་རེ་ཡོད། ཤ་བཀྲིས་ལགས་ནི་དེའི་ཁྲོད་ནས་དཔེ་མཚོན་ཞིག་རེད།

དེ་ཡང་སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ ནང་མདོ་སྨད་རྨ་ལྷོ་རེབ་གོང་མདོ་བར་རང་ལུས་མེར་བསྲེགས་ཀྱི་ཐོག་ནས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་རྒྱུན་མཐུད་བྱས་པར་བརྟེན།  མི་རིང་བར་རང་ལོ་ ༤༠ ཡིན་པའི་རྡུང་ལེན་པ་ཨ་བོ་བཀྲིས་ལགས་རྒྱ་གཞུང་འབྲེལ་ཡོད་ཚན་པས་འཇུ་བཟུང་བཀག་ཉར་བྱས་པ་དང།  དེ་རྗེས་གསང་བའི་སྒོ་ནས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་འདྲ་པར་བཀྲམ་པ་དང།  འདྲ་པར་གྱི་སྟེང་ཁ་ཆེམས་ཀྱི་ཡི་གེ་བྲིས་པ།  སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ནང་མཉམ་བཞུགས་བྱས་པ།  ལ་རྒྱའི་གླུ་བླངས་པ་བཅས་ཀྱི་ཉེས་མིག་བཀལ་ནས་མི་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།  ཁོང་ཆུང་དུས་ནས་ཡུལ་དེ་གའི་དམངས་ཁྲོད་ཀྱི་གླུ་གཞས་དང་རྡུང་ལེན་ལ་དགའ་མོས་ཤིན་ཏུ་ཆེན་པོ་ཡོད་པ་མ་ཟད། <<རྒྱང་རིང་ཕ་ལོ་>> ཞེས་པའི་ཆེད་བསྒྲིགས་འོད་སྡེར་ཞིག་ཀྱང་འདོན་སྤེལ་བྱས་ཏེ་རྒྱ་ཆེའི་འབྲོག་མང་ཚོས་དགའ་མོས་ཆེན་པོ་བྱུང་ཡོད་ལ། ཁོང་ནི་དེ་ཁུལ་གྱི་འབྲོག་དམངས་ཚོས་དགའ་མོས་དང་གདེང་འཇོག་ཆེན་པོ་བྱེད་སའི་གཞོན་སྐྱེས་གླུ་པ་ཞིག་ཀྱང་ཆགས་ཡོད།  དུས་ཡུན་དེའི་རིང་རྒྱ་ནག་གཞུང་གིས་རེབ་གོང་མདོ་བ་ཤང་དུ་རང་ལུས་མེར་བསྲེགས་བྱུང་བའི་རྐྱེན་བྱས་ཏེ། བོད་མི་འཕགས་པ་ལགས་སུ་མི་བསད་པ་དང། རྒྱལ་ཁབ་ཁ་བྲལ་བཏང་བའི་ཉེས་མིང་འོག་མི་ལོ་ ༡༣ གྱི་ཁྲིམས་ཐག་བཅད། རང་ལོ་ ༦༣ ཡིན་པའི་ཁ་རྒྱ་སྟག་ལགས་སུ་ལོ་༤ ། སློབ་མ་རྡོ་རྗེར་ལོ་ ༢ དང་ཕྱེད་ཀ།རང་ལོ་ ༢༠ ཡིན་པའི་ལྷ་མོར་ལོ་ ༢ ། རང་ལོ་ ༡༩ ཡིན་ཞིང་མདོ་བ་ལྔེང་ངེ་སྡེ་བའི་བསམ་མེ་ཚང་གི་བུ་ལ་ལོ་ ༢ ཀྱི་ཁྲིམས་ཐག་བཅད་པ་མ་ཟད། རང་ལོ་ ༡༩ ཡིན་པའི་གྲྭ་བརྩོན་འགྲུས་ཆོས་ལྡན་ལགས་དང། རང་ལོ་ ༡༨ ཡིན་པའི་གསོད་འབུམ་གཉིས་འཇུ་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བ་རེད།

 

Leave a Reply

Your email address will not be published. Required fields are marked *