རྩམ་པ་པོ་ཞོགས་ལྗང་གློད་བཀྲོལ།

      March 20, 2018:24 AM

གསར་འགྱུར་རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན། ན་གཞོན་རྩོམ་པ་པོ་ཞོགས་ལྗང་ངམ་བྲུག་ལོ་ལགས་སྤྱི་ལོ་ ༢༠༡༨ཟླ་༣ ཚེས་ ༡༩ ཉིན་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འདུག  དེ་ཡང་སྤྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༩ ཉིན་མཚོ་སྔོན་ཞིང་ཆེན་རེབ་གོང་ཉེན་རྟོག་པས་ཞོགས་ལྗང་བཟུང་བྱས་པ་དང།  སྤྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན་ཐུན་རི་མི་མང་ཁྲིམས་ཁང་ནས་ནང་མི་སོགས་གང་ཡང་མེད་པར་ཁོང་ལ་ཁྲིམས་ཐག་བཅད་པ་དང།  དེ་ཡང་ཁོང་གིས་སྤྱི་ལོ་ ༢༠༠༨ ལོར་མི་རིགས་ཁ་བྲལ་གྱི་ཟིང་ཆ་བསླངས་པ་དང།  ཕྱི་རྒྱལ་ཁ་བྲལ་བ་དང་ལྐོག་འབྲེལ་བྱས་པ།  ཆ་འཕྲིན་རྒྱུད་ལམ་ཁག་ཏུ་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་བསྒྲིལ་ལ་གནོད་པའི་བརྗོད་བྱ་སྤེལ་བ་སོགས་ནག་ཉེས་ཁག་བཞི་ཙམ་དྲངས་ནས་མཐར་ཁོང་ལ་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། དེ་ཡང་གསར་གྱུར་རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན།  ཁོང་གློད་བཀྲོལ་བཏང་ནས་ཉེན་རྟོག་ཁང་རིམ་པ་ཞིག་བརྒྱུད་རྗེས་བསང་ཆུ་རྫོང་གན་རྒྱའི་ཡུལ་ཚོར་སླེབས་པ་དང། ཁོང་གི་ཨ་ཞང་ནས་གྱོན་གོས་སོགས་འཁྱེར་ནས་ཆེད་དུ་ཐུག་འཕྲད་དུ་བསྐྱོད་པར་ལྟར་ཐུག་རྒྱུའི་གོ་སྐབས་བྱུང་བ་མ་ཟད། ཁོང་གི་ཁྱིམ་དུ་ས་གནས་མང་པོ་ནས་ཆེད་དུ་འཚམས་འདྲིར་ཕེབས་མཁན་ཡང་ཧ་ཅང་མང་པོ་བྱུང་ཡོད་འདུག

སྤྱི་ལོ་  ༢༠༡༧ ཟླ་ ༢ ཚེས་ ༡༧ ཉིན་ཁོང་ལ་ཐུན་རི་མི་མང་ཁྲིམས་ཁང་ཟེར་བས་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་སྐབས། ཁོང་གིས་དེར་ངོས་ལེན་གཏན་ནས་བྱས་མེད་པ་མ་ཟད། མ་ཉེས་ཁ་གཡོག་གི་ནག་ཉེས་དག་བུད་ཀྱི་ཆེད་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་མང་ཁྲིམས་ཁང་ལ་ཤོག་ངོས་བཅུ་བདུན་ཙམ་ཡོད་པའི་ཡི་གེ་བྲིས་ནས་སླར་ཡང་ཞུ་གཏུགས་བྱས་ཡོད་པ་དང།  དེ་ཡང་ཁོང་གི་ཞུ་གཏུགས་ཀྱི་ཡི་གེའི་ནང་འདི་ལྟར་འཁོད་ཡོད་པ་སྟེ།  རྨ་ལྷོ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོ་བོར་ཉེས་འཛུགས་ཀྱི་གཞི་འཛིན་ས་དེ་རྟོགས་དཀའ་བས། ཡང་བསྐྱར་རང་ཉིད་ཀྱི་བྱ་བ་ཁྲིམས་འགལ་མིན་པའི་སྒྲུབ་བྱེད་དང་བཅས་བསམ་ཚུལ་ལྷུག་བརྗོད་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་། ཡིན་ནའང།  རྒྱ་གཞུང་གི་ཁྲིམས་ཁང་ནས་ཐག་གཅོད་བྱས་ཚར་རྗེས་དེ་ལས་རིམ་པ་མཐོ་བའི་ཁྲིམས་ཁང་ལ་ཞུ་གཏུགས་ཆོག་པའི་ལམ་སྲོལ་དང་འགྲོ་ལུགས་ཤིག་ཡོད་ཀྱང།  དེ་ནི་ལམ་སྲོལ་རང་དང་འགྲོ་ལུགས་རང་ཡིན་པ་ལས་དྲང་བདེན་གྱི་ཕྱོགས་སུ་ལངས་ནས་ཁྲིམས་གཞི་དག་བུད་བྱ་རྒྱུ་དེ་ཉིན་མོའི་སྐར་དང་གཉིས་སུ་མ་མཆིས་པ་ལྟར།  ཞོགས་ལྗང་ལགས་ཀྱི་ཁྲིམས་གཞི་དག་བེུད་བྱེད་པའི་ཞུ་གཏུགས་ཀྱི་རེ་བ་དེ་ཡང་སྟོང་ཟད་དུ་གྱུར། ཡིན་ནའང།མི་ལོ་གསུམ་གྱི་བཙོན་འཇུག་གི་དུས་ཡུན་རྫོགས་ནས་གསོན་པོར་ཐར་ཐུབ་པ་དེ་ནི་རྒྱལ་ཁབ་ཞིག་ལོས་ཡིན།

 

 

Leave a Reply

Your email address will not be published. Required fields are marked *