ཤིང་ཅང་ཡུ་གུར་ནང་འབར་གད་དང་དམར་གསོད།

      December 30, 2016:36 AM

སྤྱི་ལོ་  ༢༠༡༦  ཟླ་  ༡༢  ཚེས་ ༢༩  ཉིན་ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ཁ་ར་ཁ་སི་རྫོང་གི་དམར་ཤོག་ཚོགས་པའི་ལས་ཁུངས་ལ་རླང་འཁོར་གྱིས་རྡུང་ཁ་བརྒྱབ་ནས་རླང་འཁོར་ནང་འབར་རྫས་བླུག་པ་དག་གད་འཐོར་བྱུང་ནས་མི་ལྔ་རྐྱེན་ལམ་དུ་སོང་བ་དང།  རྒྱ་ནག་གཞུང་གིས་ཐེངས་དེའི་དོན་རྐྱེན་དེ་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང་།  དོན་དངོས་ཐོག་གཞུང་འབྲེལ་གསར་ལམ་ཁག་གིས་གཏོར་རྒོལ་བྱེད་མཁན་སུ་ཡིན་པ་དང་།  གཏོར་རྒོལ་བྱེད་དགོས་དོན་གང་ཡིན་པ་སོགས་ཞིབ་ཕྲའི་གསལ་བཤད་ཅི་ཡང་བྱས་མེད།  ཤིན་ཧྭ་གསར་ཁང་གིས་སྤྱཧི་བདེའི་མི་སྣར་སྐད་ཆ་དྲིས་པ་ལྟར་ན།  སྤྱི་བདེའི་མི་སྣས་གཏོར་རྒོལ་གཏོང་མཁན་གྱི་ཐོག་ས་གནས་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་མི་གསུམ་བསད་པ་མ་ཟད།  ད་དུང་རྫོང་གི་ལས་བྱེད་དང་ཉེན་རྟོག་པ་ཞིག་ལའང་སྲོག་སྐྱོན་བྱུང་སྐོར་འགྲེལ་བརྗོད་བྱས་ཡོད།  ཐོག་མར་རྫོང་གི་འབྲེལ་ཡོད་ཚན་པས་ཁྱབ་བསྒྲགས་བྱེད་སྐབས་གཏོར་རྒོལ་གཏོང་མཁན་མི་བཞི་ལུགས་འགྲེལ་བརྗོད་བྱས་ཡོད་ཀྱང།  ཤིང་ཧྭ་གསར་ཁང་གིས་མི་གསུམ་ལས་མེད་ལུགས་འགྲེལ་བརྗོད་བྱས་ཡོད།

ད་ལྟའི་ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲན་ཆོན་གོའོ་ཡིས་བོད་རང་སྐྱོང་ལྗོངས་ནང་ལག་ལེན་བྱེད་པའི་སྲིད་ཇུས་ཁག་ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ལག་ལེན་བྱེད་འགོ་ཚུགས་ཡོད་པ་དང།  དཔེར་ན།  ས་གནས་ཡུལ་མི་རྣམས་ལ་ཕྱི་བསྐྱོད་ལག་འཁྱེར་མི་སྤྲོད་པ་དང།  སྤྲད་ཟིན་པ་རྣམས་ཀྱང་ཕྱིར་བསྡུ་བྱེད་པ།  ས་གནས་གང་སར་བདེ་འཇགས་དང་ཉེན་སྲུང་མི་སྣ་འཕར་མ་བསྡུ་ལེན་བྱེད་པ།  ཉིན་མཚན་མེད་པར་སོ་བལྟ་བྱེད་ཀྱི་ཡོད་ཀྱང་མངའ་ཁུལ་དེའི་ནང་ཤིང་ཅང་ཡུ་གུར་བས་རྒྱ་ནག་གཞུང་ལ་ཕྱོགས་ཡོངས་ནས་ངོ་རྒོལ་བྱེད་པའི་ལས་འགུལ་འཚམས་ཆད་མེད་པ་དང།  ད་ལྟ་ཤིང་ཅང་ཁ་ར་ཁ་སི་རྫོང་གིས་སྤྱི་ཚོགས་བདེ་འཇགས་སླར་གསོ་ཐུབ་ལུགས་བརྗོད་ཀྱང་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད།

Leave a Reply

Your email address will not be published. Required fields are marked *