སུམ་ཅུ་ཟུང་གི་དུས་དྲན།

      September 21, 2017:48 AM

སྤྱི་ལོ་  ༢༠༡༧  ཟླ་ ༩ ཚེས་ ༢༧ ཉིན་དང་ཟླ་ ༡༠ ཚེས་ ༡  ཉིན་ནི་སྤྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་དང་ཟླ་ ༡༠ ཚེས་༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་མི་རབས་གསར་པས་བོད་རང་བཙན་གྱི་ཞི་རྒོལ་འཐབ་རྩོད་ལས་འགུལ་འགོ་བརྩམས་ནས་མི་ལོ་ཧྲིལ་པོ་སུམ་ཅུ་འཁོར་བའི་དུས་དྲན་ཞིག་རེད། དེར་བརྟེན།  འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་བཤད་ན།  ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་རླབས་ཆེན་གྱི་དུས་དྲན་དེ་གཉིས་ལ་སྲུང་བརྩི་ཞུ་བའི་དམིགས་བསལ་གྱི་འགན་ཁྲི་དང་འོས་བབས་ཡོད་པར་བརྟེན།  སུམ་ཅུ་ཟུང་གི་དུས་དྲན་ཞེས་པའི་དྲ་ཐོག་གི་ལས་འགུལ་དང་།  ཟླ་ ༡༠ ཚེས་༡  ཉིན་བཞུགས་སྒར་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་སྐབས་དེ་དུས་ཀྱི་ལས་འགུལ་དེ་གཉིས་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ཀྱི་ལས་འགུལ་ཞིག་སྤེལ་རྒྱུ་དང་ཆབས་ཅིག་འདི་ཟླའི་ཚེས་  ༢༡ ཉིན་ནས་བཟུང་ངེད་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲ་གནས་དང་ངོ་དེབ་སོགས་ཀྱི་སྟེང་དུ་ད་ཐེངས་ཀྱི་ལས་འགུལ་དང་འབྲེལ་བའི་གནས་ཚུལ་དང་གལ་ཆེའི་མི་སྣ་ཁག་གི་ལོ་རྒྱུས་དང་པར་རིས་སོགས་རིམ་པས་ཁྱབ་བསྒྲགས་བྱ་རྒྱུ་ལགས་ན་མི་དམངས་རྣམས་དོ་སྣང་ཆེར་སྐྱེས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།

ལོ་ངོ་སུམ་ཅུ་འདས་ཟིན་ཞིང།  སྐབས་དེའི་ལོ་རྒྱུས་ལ་ཕྱིར་མིག་བལྟ་སྐབས།  སྐབས་དེ་དུས་ལས་འགུལ་དངོས་ནང་མཉམ་བཞུགས་གནང་མཁན་སྐུ་ཞབས་འཇམ་དཔལ་སྨོན་ལམ་གྱིས་བྲིས་པའི་<<མི་རབས་གསར་པའི་ལང་ཚོའི་མདུན་ལྗོངས་>>ཞེས་པའི་ནང་འདི་ལྟར་འཁོད་དོན།  སྤྱི་ལོ་ ༡༩༨༧ ཟླ་ ༩ ཚེེས་ ༢༡ ཉིན་༸གོང་ས་མཆོག་ནས་ཨ་རིའི་གྲོས་ཚོགས་སུ་བོད་དོན་སྐོར་གྱི་ཞི་བའི་གྲོས་འཆར་དོན་ཚན་ལྔ་བཏོན་གནང་བ་རེད།  རྒྱ་གཞུང་གིས་ཕྱི་ཕྱོགས་སུ་༸གོང་ས་མཆོག་ནས་བཏོན་གནང་མཛད་པའི་ཞི་བའི་གྲོས་འཆརདོན་ཚན་ལྔ་ནུས་མེད་ཡིན་པ་དང།  རྒྱ་ཆེའི་བོད་མི་མང་གིས་ངོས་ལེན་མི་བྱེད་པ།  བོད་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བཞིན་ཡོད་སྐོར་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།  རྒྱ་གཞུང་གིས་དྲིལ་བསྒྲགས་བྱེད་པ་ནང་བཞིན་བོད་ནང་དངོས་ཡོད་གནས་སྟངས་དེ་འདྲ་ཡིན་ནམ།  བོད་མི་དམངས་ཀྱིས་༸གོང་ས་མཆོག་ནས་བཏོན་པའི་དོན་ཚན་ལྔ་པོ་དེར་རྒྱ་གཞུང་གིས་བཤད་པ་ཇི་བཞིན་ངོ་རྒོལ་བྱེད་ཀྱི་ཡོད་དམ།  སྐབས་དེར་གཞིས་ལུས་མི་དམངས་ཀྱི་ངོས་ནས་བོད་མིའི་བསམ་བློ་དང་འདུན་པ།  བོད་ཀྱི་དངོས་ཡོད་གནས་སྟངས་ངོ་མ་གསལ་སྟོན་བྱས་ཏེ་༸གོང་ས་མཆོག་གི་དོན་ཚན་ལྔ་དེར་ཡོངས་སུ་རྒྱབ་སྐྱོར་མོས་མཐུན་རྣམ་པ་ཞིག་སྟོན་རྒྱུ་དེ་ཧ་ཅང་གལ་ཆེ་བས་འགག་རྩའི་དུས་དེར་འབྲས་སྤུངས་དགོན་གྱི་གཞོན་སྐྱེས་དགེ་འདུན་པ་ཉེར་གཅིག་ནས་ལོ་རྒྱུས་ཀྱི་དཀྲི་བའི་གཟི་བརྗིད་ལྡན་པའི་ལས་འགན་རླབས་ཆེན་དེ་མ་སྐུལ་དང་བླངས་ཀྱིས་ཕྲག་པར་འཁུར་ལེན་བྱས་ཡོད།

སྤྱི་ལོ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་གྱི་ཞོགས་པར་ཁྲོམ་སྐོར་བྱས་ཏེ་བོད་རང་བཙན་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན།རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག  ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ང་ཚོའི་འཐབ་རྩོད་ལ་དྲང་བདེན་གྱི་རྒྱབ་སྐྱོར་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་ཁྲོམ་གཟིགས་སྒང་གི་མི་ཚོགས་ཀྱིས་ཁེངས་པའི་སྲང་ལམ་བརྒྱུད་ནས་བར་སྐོར་ནང་ཤར་རེར་བསྐྱོད། བར་སྐོར་ལ་སྐོར་བ་ཐེངས་གསུམ་ཙམ་རྒྱབ་པ་དང་།གཙུག་ལག་ཁང་གི་མདུན་ཐང་ནས་ཐད་ཀར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱལ་སྒོའི་འགྲམ་དུ་སླེབས་སྐབས་དྲག་ཆས་ཉེན་རྟོགས་པ་འབོར་ཆེན་ཞིག་འབྱོར་ནས་འཇུ་བཟུང་བྱས་ཡོད་ཅེས་འཁོད་ཡོད།  དེ་རྗེས་ཉིན་སུམ་ཕྱིན་པའི་རྗེས་ཀྱི་སྤྱི་ལོ་  ༡༩༨༧  ཟླ་  ༡༠  ཚེས་ ༡ ཉིན་སེ་ར་དགོན་པའི་དགེ་འདུན་པ་  ༢༣  གྱིས་སྣེ་འཁྲིད་བྱས་ཏེ་བོད་ཀྱི་རྒྱལ་དར་བསྒྲེངས་ནས་བོད་རང་བཙན་གྱི་འབོད་ཚིག་ཤུགས་ཆེ་བསྒྲགས་ཏེ་ངོ་རྒོལ་ཁྲིམ་སྐོར་བྱས་ཡོད།  ཁྲོམ་སྐོར་བ་རྣམས་བར་སྐོར་ནང་སྐོར་བ་བཞི་པ་རྒྱག་སྐབས་ཉེན་རྟོག་པས་དགེ་འདུན་པ་རྣམས་དང། མི་མང་དཀྱུས་མ་བཅས་ཁྱོན་ ༣༠ ཙམ་འཇུ་བཟུང་བྱས་ཏེ་བར་བསྐོར་མངགས་གཏོང་ཁང་ཟེར་བའི་ནང་བཀག་ཉར་གྱིས་མི་ཆོས་ལས་འདས་པའི་མནར་གཅོད་བཏང་ཡོད།  དུས་དེ་ནས་བཟུང་བཙན་རྒོལ་རྒྱལ་སྐྱོབས་དང་མི་རིགས་འཇིགས་ཉེན་ལས་སྐྱོབས་པའི་འཐབ་རྩོད་ཀྱི་མེ་ལྕེ་དགུང་ལ་འཕྱུར་ཐུབ་པ་བྱུང་བ་དང།་  ལག་ཏུ་མཚོན་ཆ་གང་ཡང་མེད་པའི་ཞི་རྒོལ་དེ་དག་ལ་རྒྱ་ནག་གཞུང་གིས་དེང་དུས་ཅན་གྱི་དྲག་ཆས་ཆ་ཚང་སྤྲད་པའི་དམག་དཔུང་བཏང་ནས་དྲག་གནོན་བྱས་ཏེ།  བོད་མི་ཇི་ཙམ་དམར་གསོད་བཏང་བ་དུས་ད་ལྟ་ཡང་ཆེས་ཁ་གསལ་གྱི་གྲངས་ཐོ་ཞིག་ལག་ཏུ་གསོན་ཐབས་མེད།  འཛིན་བཟུང་བཙོན་འཇུག་བྱས་པའི་རིགས་ལའང་ངན་དགུ་ཚང་བའི་མནར་གཅོད་དང་སྡུག་རྩུབ་ཀྱི་འོག་བཟོད་མ་ཐུབ་པར་རྒྱའི་བཙོན་ཁང་ནང་རང་ཤི་རྒྱག་མཁན་མང་པོ་བྱུང་ཡོད་ལ།  གསོན་པོར་གནས་པའི་རིགས་དེ་དག་ཡང་མང་པོ་ཞིག་ནད་གཅོང་དང་དབང་པོ་སྐྱོན་ཅན་སོགས་སུ་གྱུར་ཡོད།

ལོ་ངོ་ཧྲིལ་པོ་སུམ་བཅུ་འདས་ཟིན་།  ཕུགས་འདུན་བཟང་པོས་ཁེངས་པའི་གཞོན་སྐྱེས་དེ་དག་ནི་ང་ཚོའི་མི་རིགས་ཀྱི་མཆོག་ཏུ་གྱུར་བའི་བུ་རྒྱུད་བཟང་པོ་ཞིག་ཡིན་ལ།  ཁོང་རྣམས་ཀྱིས་ང་ཚོའི་མི་རིགས་ལ་བཅངས་པའི་ལར་ཞེན་དང་རྒྱལ་གཅེས་ཀྱི་བསམ་བློ།  སྙིང་སྟོབས་ཕྲ་པར་འཁུར་བའི་བློས་གཏོང་དང་དཀའ་སྡུག་དག་ནི་ཇི་སྲིད་བར་དུ་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ་འཁོད་རྒྱུ་དང།  ཇི་སྲིད་བར་དུ་བོད་མི་དམངས་ཀྱིས་ཁོང་རྣམས་ལ་རྗེས་དྲན་བྱ་ངེས་རེད།ད་རེས་ཀྱི་དུས་དྲན་འདི་བརྒྱུད་ནས་སྐབས་དེ་དུས་ཀྱི་འདས་གསོན་དཔའ་བོ་རྣམས་དང་ཁོ་ཚོའི་ནང་མི་བུ་ཕྲུག་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག་སླར་ཡང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།།

Leave a Reply

Your email address will not be published. Required fields are marked *