སྐུ་ཞབས་ལེའུ་ཞའོ་པོའོ་ཡི་ཚེ་སྲོག་མྱུར་སྐྱོབས་ཀྱི་འབོད་སྐུལ།

      July 12, 2017:53 AM

སྤྱི་ལོ་  ༢༠༡༧  ཟླ་  ༧  ཚེས་ ༡༢  ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཐུན་མོང་ནས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་གྲགས་ཅན་གྱི་རྩོམ་པ་པོ་སྐུ་ཞབས་ལེའུ་ཞའོ་པོའོ་ཡི་ཚེ་སྲོག་མྱུར་སྐྱོབས་ཀྱི་ཆེད་འབོད་སྐུལ་ཞུ་བའི་ལས་འགུལ་ཞིག་སྤེལ་ཡོད།  དེ་ཡང་དེ་ཡང་སྐུ་ཞབས་ལེའུ་ཞའོ་པོའོ་ཡི་བཙོན་ཁང་ནང་གི་དཀའ་སྡུག་མཚོན་ཆེད་ལྕགས་དྲས་བསྐོར་བའི་བཙོན་ཁང་གི་འདྲ་གཟུགས་བཟོས་ནས་དེའི་ནང་མི་གཅིག་བཙོན་འཇུག་བྱས་ཡོད་ཅིང།  དེའི་འགྲམ་དུ་ད་དུང་མི་བཞི་བཅས་ཀྱིས་སྐུ་ཞབས་ལེའུ་ཞའོ་པོའོ་ཡི་འདྲ་པར་མི་འདྲ་བ་རེ་རེ་འཁྱེར་ཡོད་པ་དང།  འདྲ་པར་གྱི་རྒྱབ་ངོས་སུ་བོད་ཡིག་དང་དབྱིན་ཇིའི་སྐད་ཡིག་ཐོག་སྐུ་ཞབས་ལེའུ་ཞའོ་པོའོ་ཡི་མི་ཚེའི་ནང་གི་གལ་གནད་ཆེ་བའི་གནས་ཚུལ་སྙིང་བསྡུས་བཀོད་ནས་མི་རེ་རེས་སོ་སོའི་ལག་ཏུ་ཡོད་པའི་འདྲ་པར་གྱི་རྒྱབ་ངོས་སུ་ཡོད་པའི་ཡི་གེ་རྣམས་ཀློག་ནས་སྐུ་ཞབས་ལེའུ་ཞའོ་པོའོ་ཡི་ཚབ་མཚོན་བྱས་ཡོད།

 

འདི་ག་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ནས་ལས་འགུལ་ཐོག་ཕེབས་པའི་ཕྱི་ནང་གི་གསར་འགོད་པ་རྣམས་ལ་འགྲེལ་བརྗོད་གནང་སྐབས།  ད་རེས་ངེད་ཚོགས་པ་གཉིས་ནས་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་དོན་ནི།  རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཞིག་དང་ནོར་སྦེལ་ཞི་བདེའི་གཟེགས་རྟགས་ཐོབ་པའི་རྒྱ་མི་རིགས་ཤིག་ལ་རྒྱ་ནག་གཞུང་གིས་འདི་ལྟ་བུའི་སྡུག་སྦྱོང་དང་མནར་གཅོད་ཀྱི་འོག་ནས་ཚེ་སྲོག་ལ་ཉེན་ཁ་འཕྲད་དུས་ང་ཚོ་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ཐད་དེ་བས་ཀྱང་བློ་འཚབ་འཕར་མ་ཞིག་ཡོང་བཞིན་འདུག་པས།  ང་ཚོས་ཁོང་དང་ཁོང་གི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེས་བྱ་རྒྱུ་མ་ཟད།  མ་འོངས་པར་བོད་ཀྱི་ཆབ་སྲིད་བཙོན་པ་གཙོ་གྱུར་གྱི་དམངས་གཙོ་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ་རྣམས་ལ་འདི་ལྟ་བུའི་སྡུག་སྦྱོང་དང་མནར་གཅོད་མི་ཕོག་པའི་ཆེད་ཕྱོགས་གཅིག་ནས་གནོན་ཤུགས་སྤྲོད་རྒྱུ་དང།  ཕྱོགས་གཞན་ཞིག་ནས་ཉེན་ཁ་ཆེ་བའི་སྐུ་ཞབས་ལེའུ་ཞའོ་པོའོ་ཡི་ཚེ་སྲོག་མྱུར་སྐྱོབས་ཀྱི་ཆེད་འབོད་སྐུལ་ཞུ་རྒྱུའི་དོན་དུ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།

 

ད་དུང་ངེད་ཚོགས་པ་གཉིས་ཐུན་མོང་ནས་སྤེལ་བའི་བསྒྲགས་གཏམ་ནང།

སྐུ་ཞབས་ལེའུ་ཞའོ་པོའོ་ནི་རྒྱ་ནག་རྒྱ་ནག་གི་དམངས་ཙོ་དང་རང་དབང་གི་ཆེད་འཐབ་རྩོད་གནང་མཁན་གྱི་རླབས་ཆེན་གྱི་མིསྣ་མང་པོ་ཡོད་པའི་ནང་ནས་ཆེས་དཔེ་མཚོན་ཅན་ཞིག་རེད།   སྤྱི་ལོ་༡༩༧༦  ལོར་མའོ་ཙེ་ཏུང་འདས་གྲོངས་སོང་བ་དང་ཆབས་ཅིག་ཁོ་པས་བསམ་བཞིན་དུ་བསླངས་པའི་རིག་གནས་གསར་བརྗེ་ཞེས་པའི་དྲག་པོའི་འཐབ་རྩོད་དེ་ཡང་འཚམས་ཆད་པ་དང།  རྒྱ་ནག་གི་མི་རབས་གཉིས་པ་ཏེང་ཞའོ་ཧྤེང་གིས་མའོ་ཙེ་ཏུང་དང་མི་འདྲ་བའི་དཔལ་འབྱོར་གྱི་ཐོག་ནས་གུ་ཡངས་ཅན་གྱི་སྲིད་ཇུས་གསར་པ་ཞིག་ལག་ལེན་བྱས་ཡོད།དུས་སྐབས་དེར་རྒྱ་ནག་ནང་སྔར་དང་མི་འདྲ་བའི་གུ་ཡངས་ཀྱི་རྣམས་པ་ཅུང་ཟད་ཡོད་པའི་ཐོག་བསྒྱུར་བཅོས་སྒོ་དབྱེ་ཞེས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྒོ་མོ་ཕྱེ་བ་དང་འབྲེལ་བ་བྱེད་པའི་དུས་སྐབས་དེར་རིག་སྟོབས་རྒྱས་པའི་སྐུ་ཞབས་ལེའུ་ཞའོ་པོའོ་ནི་རྒྱ་ནག་ནང་དཔལ་འབྱོར་གྱི་ཁྱབ་ཁོངས་གཅིག་པུའི་ནང་རང་དབང་ཡོད་པ་ཙམ་གྱིས་མི་འགྲིགས་པར།  ཕྱོགས་ཡོངས་ནས་རྒྱ་ནག་དེ་དམངས་ཙོ་དང་རང་དབང་ལྡན་པའི་རྒྱ་ནག་གསར་པ་ཞིག་གསར་སྐྲུན་གྱི་ཆེད་འབད་འཐབ་གནང་མཁན་གྱི་གལ་ཆེའི་མི་སྣ་ཞིག་ཆགས་ཡོད།  ཁོང་གིས་གསོ་སྐྱོང་གནང་བའི་སློབ་ཕྲུག་དང་ཁོང་གིས་བྲིས་པའི་རྩོམ་ཡིག་མང་པོ་ཞིག་གིས་རྒྱ་གི་སྤྱི་ཚོགས་དེ་ཡང་དག་པའི་དམངས་ཙོ་དང་རང་དབང་ལྡན་པའི་མདུན་བསྐྱོད་ཀྱི་ལམ་དུ་བསྐྱོད་རྒྱུར་ཤུགས་རྐྱེན་དང་ནུས་པ་ངེས་ཅན་ཞིག་ཡོད།  གལ་ཏེ།  ལོ་རབས་རྒྱ་བཅུ་པའི་དུས་འགོ་ནས་བཟུང་རྒྱ་ནག་གི་རྒྱལ་ཡོངས་མཐོ་རིམ་སློབ་གྲྭ་ཁག་དང་། ཤེས་ཡོན་དང་རིག་གནས་སྡེ་ཚན་ཁག་གི་ནང་སྐུ་ཞབས་ལེའུ་ཞའོ་པོའོ་ལྟ་བུའི་གོ་རྟོགས་བསད་པའི་ཤེས་ཡོན་ཅན་དེ་དག་མེད་ཚེ། སྤྱི་ལོ་ ༡༩༨༩ ལོའི་གཞི་ཁྱོན་ཆེ་བའི་དམངས་གཙོའི་ལས་འགུལ་དེ་ལྟ་བུ་ཞིག་ཡོང་མི་སྲིད།

སྤྱི་ལོ་  ༢༠༠༨  ལོར་བྲིས་པའི་ཁོང་གི་༠༨རྩ་ཁྲིམས་ཟིན་བྲིས་ཞེས་པ་དེ་ནི་ཆེས་དཔེ་མཚོན་ཅན་གྱི་འཐབ་རྩོད་ཀྱི་རྣམ་པ་ཞིག་ཆགས་ཡོད།  རྩོམ་ཡིག་དེ་འགྲེམ་སྤེལ་བྱས་རྗེས་རྒྱ་ནག་གི་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་དང་ཚུར་སྣང་གི་ལན་ཆ་དྲག་པོ་བྱུང་བ་མ་ཟད།  དེར་རྒྱབ་སྐྱོར་གྱི་མིང་རྟགས་འགོད་མཁན་གྱི་ཤེས་ཡོན་ཅན་དང།  དམངས་གཙོ་དོན་གཉེར་བ།  ཁྲིམས་རྩོད་པ།  མཁས་དབང་སོགས་སྟོང་ཕྲག་མང་པོ་བྱུང་ཡོད་སྟབས།  རྒྱ་གཞུང་གི་དབང་འཛིན་པ་ཚོར་འཇིགས་སྣང་ཆེན་པོ་སྐྱེས་ནས་མཐར་སྐུ་ཞབས་ལིའུ་ཞའོ་པོའོ་ལོ་མི་ལོ་བཅུ་གཅིག་གི་ཁྲིམས་ཐག་བཅད་ནས་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད།  རྒྱ་ནག་མི་དམངས་ཀྱི་དམངས་ཙོ་དང་རང་དབང་གི་ཆེད་དུ་འབད་བརྩོན་གནང་མཁན་ཀྱི་མཁྱེན་རྒྱ་ཡངས་པའི་ཤེས་ཡོན་ཅན་ཞིག་ལ་གཞུང་ཕྱོགས་ནས་རྒྱལ་ཁབ་ཀྱི་ཉེས་ཅན་པར་བརྩིས་ནས་བཙོན་འཇུག་གི་ཁྲིམས་ཐག་བཅད་ཀྱང།  ཁོང་གིས་ད་དུང་དམར་ཤོག་གི་སྲིད་གཞུང་དེར་འཁོན་འཛིན་གྱི་རྣམ་འགྱུར་ཡེ་ནས་མེད་པར་ཁོང་གི་སྐུ་ཟླར་བཏང་བའི་<<ང་ལ་དགྲ་མེད་>>ཅེས་པའི་འཕྲིན་ཡིག་དེ་ནས་གསལ་པོ་རྟོགས་ཐུབ།

མདོར་ན།  ཁོང་གི་རླབས་ཆེན་གྱི་སྙིང་སྟོབས་དང་མི་སེམས་འགུལ་བའི་མཛད་རྗེས་དག་ལ་རྒྱ་ནག་མི་དམངས་ཙམ་ཟད།  རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ཚད་མཐོའི་གདེང་འཇོགས་དང་བསྔགས་བརྗོད་བྱས་ཏེ་སྤྱི་ལོར་  ༢༠༡༠  ལོར་ནོར་སྦེལ་ཞི་བདེའི་གཟེགས་རྟགས་ཀྱང་ཕུལ་ཡོད།  གཟེངས་རྟགས་འབུལ་བཞེས་ཀྱི་དངོས་གཞིའི་མཛད་སྒོའི་ཐོག་ཁོང་སྔར་བཞིན་རྒྱ་ནག་གཞུང་གི་བཙོན་ཁང་ནང་བཙོན་འཇུག་བྱས་ཏེ་བཅར་ཐུབ་མེད་ལ།  ཐ་ན་ཁོང་གི་སྐུ་ཚབ་ལྟ་བུའི་གཉེན་ཉེ་ཞིག་ཀྱང་བཅར་ཐུབ་མེད།  མུན་ནག་གི་བཙོན་ཁང་ནང་ཁོང་ཀྱིས་དཀའ་སྡུག་ཚད་མེད་མྱངས་པའི་མཐར་ཁོང་ལ་མཆིན་པའི་སྐྲན་ནད་ཕོག་ནས་ད་ལྟ་ཉེན་ཁ་ཧ་ཅང་ཆེན་པོའི་གནས་ཡོད་པར་བརྟེན།  ང་ཚོས་ཁོངདང་ཁོང་གི་ནང་མིའི་རེ་བ་དང་ཕྱི་རྒྱལ་གྱི་གྲགས་ཅན་ཆེད་ལས་སྨན་པའི་ལམ་སྟོན་བཞིན་སྐུ་ཞབས་ལེའུ་ཞའོ་པོའོ་ཡི་ཚེ་སྲོག་མྱུར་སྐྱོབས་ཀྱི་ཆེད་ཕྱི་རྒྱལ་གང་རུང་ཞིག་ཏུ་སྨན་བཅོས་བྱེད་པར་བསྐྱོད་ཆོག་པའི་རེ་སྐུལ་ཞུ་རྒྱུ་དང་།  ཆབས་ཅིག་ཁོང་གི་ནད་གཞི་གང་མགྱོགས་དྲག་སྐྱེས་ཡོང་བའི་སྨོན་ལམ་ཡང་འདེབས་བཞིན་ཡོད་ཅེས་འཁོད་ཡོད།

Leave a Reply

Your email address will not be published. Required fields are marked *