ཧོང་ཀོང་ནང་མི་མང་ས་ཡ་ལྷག་གིས་ངོ་རྒོལ།

      June 10, 2019:29 AM

སྤྱི་ལོ་  ༢༠༡༩ ཟླ་ ༦ ཚེས་ ༩ ཉིན་ཧོང་ཀོང་ནང་མི་དམངས་ཁྲི་ཚོ་བརྒྱ་ལྷག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་ཅིང། ཉེ་ལམ་ཧོང་ཀོང་ས་གནས་གཞུང་གིས་ངེས་ཅན་པ་རྩིས་སྤྲོད་ཀྱི་ཁྲིམས་གཞིར་བསྒྱུར་བཅོས་བཏང་བ་དེར་ཧོང་ཀོང་ལས་རིགས་ཁག་གི་མི་མང་ཚོས་ངོ་རྒོང་དང་མི་འདོད་པའི་རྣམས་འགྱུར་ཤུགས་ཆེན་བསྟན་པ་མ་ཟད།  ཁྲིམས་གཞི་བསྒྱུར་བཅོས་དེས་མི་མང་གི་གཞི་རྩའི་ཁེ་དབང་དང་ཐོབ་ཐང་མང་པོ་ཞིག་ཤོར་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང།  དུས་སྐབས་དེ་འདྲའི་སྐབས་འདི་ལོའི་ཟླ་ ༦ ཚེས་ ༤ ཉིན་ནི་སྤྱི་ལོ་ ༡༩༨༩ ལོར་དྲུག་བཞིའི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་ཏེ་མི་ལོ་ཧྲིལ་པོ་སུམ་བཅུ་འཁོར་བའི་དུས་དྲན་ཞིག་ཡིན་པར་བརྟེན། དུས་སྐབས་དེ་དང་སྟབས་བསྟུན་ནས་ཧོང་ཀོང་ནང་གི་མི་མང་པོ་ཞིག་གིས་ཕྱོགས་གཅིག་ནས་དྲུག་བཞིའི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པར་གཞི་རྒྱ་ཆེ་བའི་མར་མེའི་ཁྲོམ་སྐོར་བྱས་ཏེ་དྲན་གསོ་བྱས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་དེང་སྐབས་རྒྱ་ནག་དབུས་གཞུང་གིས་བཀའ་འཀོད་འོག་ཧོང་ཀོང་མི་མང་གི་གཞི་རྩའི་ཐོབ་ཐང་དང་ཁེ་དབང་མང་པོ་བཙན་གནོན་ཕོག་བཞིན་ཡོད་པར་ངོ་རྒོལ་རིམ་པ་བཞིན་བྱེད་འགོ་ཚུགས་པ་དང། ངོ་རྒོལ་ནང་མཉམ་བཞུགས་བྱེད་མཁན་ཡང་ཉིན་རེ་བཞིན་ཇེ་མང་དུ་སོང་ཡོད་པ་དང། ངོ་རྒོལ་ལས་འགུལ་ནང་མཉམ་བཞུགས་བྱེད་མཁན་ཚོས་མཁོ་འདོན་བྱས་པའི་གྲངས་ཚད་ལ་གཞིགས་ན་ད་ཐེངས་ཀྱི་ལས་འགུལ་དེའི་ནང་མཉམ་བཞུགས་བྱེད་མཁན་མི་གྲངས་ཁྲི་ཚོ་བརྒྱ་ལྷག་ཙམ་ལ་སླེབས་ཡོད་སྐོར་ནན་བརྗོད་བྱས་ཡོད་པ་དང། དེ་ནི་སྤྱི་ལོ་ ༡༩༩༧ ལོར་ཧོང་གི་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་པ་ནས་བཟུང་ད་བར་གྱི་ངོ་རྒོལ་ལས་འགུལ་གྱི་ཁྲོད་ནས་མི་གྲངས་མང་ཤོས་ཀྱི་ལས་འགུལ་ཞིག་ཆགས་ཡོད་པ་རེད།  དེ་ཡང་རེ་བཟའ་ཉིན་མའི་ཉིན་ཧོང་ཀོང་བ་མང་པོ་ཞིག་གིས་གླིང་ཁ་ཞིག་གི་ཐོག་འདུ་འཛོམས་བྱས་ཧོང་ཀོང་མི་མང་གྲོས་ཚོགས་ཁང་ཟེར་བར་གོམས་བགྲོད་ཀྱི་ཐོག་ནས་ཁྲོམ་སྐོར་བྱས་ཡོད་པ་དང།གྲོས་ཚོགས་ཁང་ཆེན་གྱི་གཡས་གཡོན་ཚང་མ་ལྕགས་དྲས་བསྐོར་ནས་ཁྲོམ་སྐོར་བ་རྣམས་འགྲོ་ས་མེད་པ་བཟོས་ཡོད།རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདག་དབང་རྩིས་ལེན་མ་བྱས་གོང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་བྱས་ཏེ་ཧོང་ཀོང་མི་མང་གི་གཞི་རྩའི་རང་དབང་དང་ཐོབ་ཐང་རྣམས་སྲུང་སྐྱོབ་བྱེད་ཀྱི་ཡིན་ལུགས་ཁས་ལེན་རབ་དང་རིམ་པ་ཞིག་བྱས་ཡོད་ཀྱང།འདས་པའི་ལོ་ངོ་ཉི་ཤུ་ལྷག་གི་ལག་ལེན་དངོས་ཀྱི་ཐོག་ནས་བལྟས་ན་ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་ཟེར་བའི་ལམ་ལུགས་དེ་ཀོ་བ་སྐམ་པོའི་ཞྭ་མོ་གཡོག་པ་ལྟར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་གསལ་པོ་རེད།

Leave a Reply

Your email address will not be published. Required fields are marked *