ཨ་བྱང་དམག་འཁྲུག་གི་ལོ་རྒྱུས་རྒྱབ་ལྗོངས།

      April 20, 2017:37 AM

དེང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁ་མིག་ཡོད་ཚད་ཨ་བྱང་དམག་འཁྲུག་ལ་སྡིར་ཡོད་ཀྱང།  ཕྱོགས་གཉིས་པོའི་ཛ་དྲག་གི་གནས་སྟངས་དང་དམག་འཁྲུག་གི་ཉེན་ཁའི་རང་བཞིན། ཉེན་རེའི་གནས་ཚུལ་ཇི་བྱུང་སོགས་བཙན་བྱོལ་བོད་མིའི་གཞུང་འབྲེལ་གྱི་རྒྱུད་ལམ་ཁག་གི་ནང་ཅི་ཡང་མཐོང་རྒྱུ་མེད་ཀྱང་།  བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་ལྟ་བུའི་གསར་ཁང་ཁག་གིས་དེའི་སྐོར་རྒྱུད་གཏོང་བྱེད་མུས་ཡིན་པ་མ་ཟད།  ཉེ་བའི་ཆར་དེ་ཕོ་གསར་གིས་དེ་བས་ཆེས་གསར་ཤོས་དང་ཆེས་མགྱོགས་ཤོས་ཀྱི་ཐོག་ནས་ཀློག་པ་པོ་རྣམས་ལ་གསར་འགྱུར་རྒྱུད་གཏོང་བྱེད་བཞིན་ཡོད་པ་ནི་སྤྲོ་བ་སྐྱེ་དགོས་པ་ཞིག་རེད།  ཡིན་ནའང།  ད་དུང་དེ་ཡང་ཆ་ཚང་བ་དང་འཐུས་སྒོ་ཚང་བ་ཞིག་མིན་ལ།   གསར་ཁང་གཅིག་གིས་གནས་ཚུལ་ཡོད་ཚད་མཁོ་གཏོང་བྱ་རྒྱུར་ཕྱོགས་མང་པོའི་དཀའ་ངལ་ཡོད་པ་བཅས་ཀྱིས།  ཨ་བྱང་དམག་འཁྲུག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཇི་འདྲ་ཡིན་པ་ད་དུང་བོད་མི་མང་པོས་དེ་ཙམ་ཤེས་ཀྱི་མེད་སྟབས།  འདི་ག་ཚོགས་པའི་ཉམས་ཞིབ་ཁང་ནས་དེའི་ཐད་ཀྱི་གནས་ཚུལ་ལ་ཉམས་ཞིབ་དང་དོ་སྣང་བྱས་ཏེ་སྐབས་དེའི་དམག་འཁྲུག་ནང་རྒྱ་ནག་གི་བྱེད་ཕྱོགས་དང་སྲིདན་ཇུས་ཇི་འདྲ་ཡིན་པ་དང།  རྒྱ་ནག་གིས་དངོས་སུ་དམག་འཁྲུག་ནང་ཆ་ཤས་ཇི་ཙམ་བླངས་ཡོད་པ་བཅས་ཀྱི་ཐད་ཨ་བྱང་དམག་འཁྲུག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་།  ཨ་བྱང་དམག་འཁྲུག་དང་བོད་ཀྱི་གནད་དོན་ཞེས་ས་བཅད་གཉིས་སུ་ཕྱེ་ནས་ཀློག་པ་པོའི་སྤྱན་ལམ་དུ་བཤངས་རྒྱུ་ཡིན་པས།  ལེགས་སྤེལ་ངན་འགོག་དང་སྐྱོན་སྤངས་དགེ་གྲུབ་ཀྱི་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་དང་བཅས།

དང་པོ། གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཁ་ཆག་རྣ་རལ་གྱི་དུམ་བུ་གཉིས་སུ་གྱེས་པ།

ཀོ་རི་ཡ་དེ་བཞིན་ལོ་ངོ་སྟོང་གི་གོང་རོལ་ནས་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་གནས་སྟངས་རྒྱུན་འཁྱོངས་ཐུབ་ཡོད་ཀྱང།   སྤྱི་ལོ་  ༡༩༥༠   ལོ་ནས་བཟུང་ལོ་རྒྱུས་ཡོད་པའི་གཅིག་གྱུར་གྱི་རྒྱལ་ཁབ་དེ་ཁ་ཆག་རྣ་རལ་གྱི་དུམ་བུ་གཉིས་སུ་གྱེས།  རྒྱལ་ཁབ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་  ༨༥༠༠༠  ལྷག་ཙམ་ཡོད་ཅིང།  དེ་ཡི་བྱང་ཕྱོགས་ནི་རྒྱ་ནག་དང་ས་སྦྲེལ་ཡིན་པ་དང།  ལྷོ་ཕྱོགས་ཉི་ཧོང་དང་འབྲེལ་ནས་ཡོད།  རྒྱལ་ཁབ་དེ་དུམ་བུ་གཉིས་སུ་གྱེས་དོན་ནི་ལོ་རྒྱུས་ཀྱི་སྙིང་ནད་བཟུང་རེ་བྱས་ཏེ་འཁྲུག་རྩོད་ཤོར་བ་ཞིག་མིན་ལ།  གཤོག་ཁག་དཔུང་སྒྲིལ་བྱས་ཏེ་ཁ་གྱེས་པ་ཞིག་ཀྱང་མ་ཡིན་པར།  ཨ་རི་དང་ར་ཤེ་ཡ་གཉིས་པོས་འཛམ་གླིང་དབང་བསྒྱུར་བྱེད་པའི་ཐབ་བྱུས་ཀྱི་དམིགས་འབེན་མངོན་འགྱུུར་ཡོང་ཆེད།  རང་རང་སོ་སོའི་ཕྱོགས་གཏོགས་ཀྱི་སྟོབས་ཤུགས་གསོ་སྐྱོང་དང་སེམས་འཛུལ་བྱས་པའི་མཇུག་འབྲས་ལས་བྱུང་བ་ཞིག་རེད།

བྱང་ཀོ་རི་ཡའི་དམག་གཟིགས་མཛད་སྒོ།

དུས་རབས་ཉི་ཤུའི་དུས་འགོ་སྟེ་སྤྱི་ལོ་ ༡༩༡༠ ཙམ་ནས་ཉི་ཧོང་གིས་ཀོ་རི་ཡར་བཙན་འཛུལ་བྱེད་འགོ་ཚུགས་པ་དང།  དུས་དེར་ཉི་ཧོང་གི་དམག་དོན་སྟོབས་ཤུགས་ལ་ཀོ་རི་ཡས་དོ་ཟླ་བྲལ་བར་བརྟེན།  ཨ་རི་དང་ར་ཤེས་ཡས་ཉི་ཧོང་བཙན་འཛུལ་དམག་འཁྲུག་ཀོ་རི་ཡའི་ནང་ཡོང་རྒྱུར་བཀག་བསྡོམས་དང་འགོག་རྒོལ་བྱས་པ་དང།   དེ་ཡང་ར་ཤེ་ཡས་ཀོ་རི་ཡའི་བྱང་ཕྱོགས་ནས་འགོག་རྒོལ་དང་ཨ་རིས་ཀོ་རི་ཡའི་ལྷོ་ཕྱོགས་ནས་འགོག་རྒོལ་བྱས་ཏེ་ཉི་ཧོང་གི་བཙན་འོག་ནས་ཐར་ཐུབ་པ་བྱུང་ཡོད།   གནས་སྟངས་དེ་འདྲའི་འོག་ཀོ་རི་ཡའི་གཞུང་སླར་གསོ་བྱེད་ཕྱོགས་ཀྱི་ཐད་ཨ་རི་དང་ར་ཤེ་ཡ་གཉིས་མི་མཐུན་པའི་འགལ་ཟླར་གྱུར་བ་མ་ཟད།  དུས་ཚོད་ཇི་སོང་གིས་འགལ་བ་དེ་མཐར་རྣོ་ངར་ཆེ་བའི་འཐབ་རྩོད་ཀྱི་ངོ་བོར་འགྱུར་ནས་རང་རང་སོ་སོས་དབང་བསྒྱུར་བྱས་པའི་ལྷོ་བྱང་གཉིས་ཀྱི་ས་མཚམས་ལ་དམ་དྲག་བྱེད་འགོ་ཚུགས་ཡོད། སྤྱི་ལོོ་ ༡༩༤༥ ལོར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་བ་དང།  མཉམ་འབྲེལ་རྒྱལ་ཚོགས་ནས་ཀོ་རི་ཡ་དེ་རྒྱལ་ཁབ་གཅིག་དང་སྲིད་གཞུང་གཅིག་གི་ངོ་བོར་གནས་ཐབས་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་ཀྱང་ར་ཤེ་ཡས་དེ་ལ་ངོ་རྒོལ་བྱས་ཡོད།  དེར་བརྟེན། སྤྱི་ལོ་ ༡༩༤༨ ལོར་བྱང་ཕྱོགས་སུ་ར་ཤེ་ཡས་རྒྱབ་སྐྱོར་བྱས་པའི་ཀོ་རི་ཡ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཞེས་པ་གསར་འཛུགས་བྱས་པ་དང།  ལྷོ་ཕྱོགས་སུ་ཨ་རིས་རྒྱབ་སྐྱོར་བྱས་པའི་ཀོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཞེས་པ་གསར་འཛུགས་བྱས།  མ་ཟད་ཕྱོགས་གཉིས་ཀས་རང་ཉིད་ཀོ་རི་ཡའི་ཁྲིམས་མཐུན་གྱི་སྲིད་གཞུང་གཅིག་པུ་དེ་ཡིན་པ་དང།  གཞན་དེ་ནི་དམངས་གནོད་ལུགས་འགལ་གྱི་ཁྲིམས་འགལ་ཡིན་པའི་སྐྱོན་བརྗོད་བྱེད་རེས་བྱས། དེ་ལྟར་གཅིག་གྱུར་གྱི་རྒྱལ་ཁབ་དེ་ཁ་ཆག་རྣ་རལ་གྱི་དུམ་བུ་གཉིས་སུ་གྱེས།

                       གཉིས་པ།    རྩོད་གླེང་ནས་དམག་འཁྲུག་ལ་ཁ་ཕྱོགས་པ།

རྒྱ་དམག་བྱང་ཀོ་རི་ཡར་དམག་རོགས་སུ་འགྲོ་བཞིན་པ།

དེ་ལྟ་བུའི་རྩོད་གླེང་གི་འགལ་བའི་ཁྲོད།  ལྷོ་བྱང་གཉིས་ཀྱི་རྒྱབ་རྩར་ལངས་པའི་ཨ་རི་དང་ར་ཤེ་ཡ་ཕྱོགས་གཉིས་ཀས་སོ་སོའི་སྟོབས་ཤུགས་བེད་སྤྱོད་བྱས་ཏེ།  ལྷོ་བྱང་གཉིས་སུ་གྱེས་པའི་ཀོ་རི་ཡ་དེ་བཞིན་རང་ཉིད་དང་ལྟ་སྤྱོད་གཅིག་མཚུངས་ཡིན་པའི་རྒྱལ་ཁབ་གཅིག་བཟོ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།   དེའི་ཐད་ཕྱོགས་གཉིས་ཀྱི་ལྟ་བ་དང་ཕྱོགས་ནི་བརྟན་ཅིང་འགྱུར་བ་མེད་པ་ཞིག་ཡིན་སྟབས།ཐུན་མོང་གི་འདོད་ཚུལ་ཞིག་ནམ་འཚོའི་བར་དུ་བརྙེད་པར་དཀའ།   ཨ་རི་ནི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པ་དང།  ར་ཤེ་ཡ་ནི་དམར་ཤོག་གི་གི་རྒྱལ་ཁབ་ཅིག་ཡིན་པར་བརྟེན།  མཐའ་མ་རྒྱལ་ཁབ་དེའི་ནང་དམག་འཁྲུག་ཡོང་རྒྱུ་གཏན་འཁེལ་རེད།  སྤྱི་ལོ་ ༡༩༥༠ ཟླ་ ༦ ཚེས་ ༢༥ ཉིན་དངོས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་ནང་འཁྲུགས་ལངས།   དེ་མ་ཐག་ཨ་རིས་ཉི་ཧོང་དུ་བཅའ་སྡོད་བྱས་པའི་ཨ་རིའི་མཚོ་དམག་གིས་ལྷོ་ཀོ་རི་ཡའི་རྒྱབ་ལ་ལངས་ཏེ་།  བྱང་ཀོ་རི་ཡར་ཕར་རྒོལ་བྱེད་པའི་སྟ་གོན་དུ་བཞུགས་པ་དང་ཆབས་ཅིག་ཧྤི་ལི་པིང་དུ་བཅའ་སྡོད་བྱས་པའི་དམག་གྲུ་རུ་ཁག་ཨང་བདུན་ཐེ་ཝན་མཚོ་འགག་གི་ཕྱོགས་སུ་མངགས་གཏོང་བྱས་ཏེ་ཐེ་ཝན་སྲུང་སྐྱོབ་བྱེད་པའི་དམག་དོན་གྱི་བྱ་སྤྱོད་སྤེལ་འགོ་ཚུགས།

སྐབས་དེར་རྒྱ་ནག་གི་ངོས་ནས་བཤད་ན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་དབུ་བརྙེས་ནས་ཟླ་བ་འགའ་ཤས་ལས་འགྲོ་གི་མེད་ཅིང།  ཐེ་ཝན་བཅིངས་འགྲོལ་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྒང་རེད།  ཡིན་ནའང།  ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་ལངས་པ་དེས་རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་བཅིངས་འགྲོལ་གཏོང་རྒྱུའི་གནས་ཚུལ་ཧྲིལ་པོར་འགྱུར་ལྡོག་བྱུང་ཞིང།  མའོ་ཙེ་ཏུང་སོགས་ཀྱིས་ཐོབ་ཤོར་དང་ཁེ་གྱོང་སྣ་ཚོགས་ལ་བསམ་བློ་ཞིབ་ཕྲ་བཏང་རྗེས།  བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱེད་པ་དང།   ཐེ་ཝན་བཅིངས་འགྲོལ་གཏོང་རྒྱུའི་གནད་དོན་དེ་ཕྱིར་སྣུར་བྱ་རྒྱུའི་ཐག་གཅོད་བྱས་པ་དང།  ཨ་རིའི་དམག་གྲུ་རུ་ཁག་གིས་ཐེ་ཝན་མཚོ་འགག་ཏུ་བཅའ་སྡོད་བྱས་པ་དེར་ཕྱི་འབྲེལ་གྱི་ཐོག་ནས་ངོ་རྒོལ་དང་སྐྱོན་བརྗོད་བྱ་རྒྱུའི་ཐག་གཅོད་བྱས་ཡོད།   དུས་དེར་ཡ་མཚན་ཆེ་བའི་གནས་ཚུལ་ཞིག་ཀྱང་བྱུང་ཡོད་པ་སྟེ།  སྤྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༤ ཉིན་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཡིན་ཞིང།  སྐབས་དེར་བོད་ཀྱི་སྐུ་ཚབ་ཚོགས་པ་པེ་ཅིང་དུ་ཞི་གྲོས་བྱེད་པའི་དུས་ཚོད་ཡིན་ཞིང།  གནམ་བདེ་སྒོ་མོའི་ཐང་ཆེན་ཐོག་དམག་དཔུང་དང་ཁྲོམ་སྐོར་རུ་སྟར་སོགས་ཀྱི་གཞི་རྒྱ་ཆེ་བའི་མཛད་སྒོའི་ཐོག་བོད་ཀྱི་སྐུ་ཚབ་རྣམས་ཀྱང་གདན་ཞུ་བྱས་པ་ལྟར་བསྐྱོད་ཡོད་ཅིང།  དུས་དེར་བོད་དང། ཤིང་ཅང། ཐེ་ཝན་བཅས་བཅིངས་འགྲོལ་གཏོང་རྒྱུར་ལུས་ཡོད་པའི་མཚོན་རྟགས་སུ་ལྒང་ཕུག་ཆེན་པོ་གསུམ་འཕྲེད་དར་གྱི་རྩེ་མོར་བཏགས་ཡོད་པ་དང།   དེ་ཉིན་གནམ་གཤིས་དེ་ཙམ་ལེགས་པོ་མེད་པའི་དབང་གིས་ཐེ་ཝན་གྱི་མིང་འཁོད་པའི་ལྒང་ཕུག་དེ་ལྷག་པས་འཁྱེར་ནས་འཇུ་མ་ཐུབ་པར་ལུས།  དུས་དེར་བོད་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ང་ཕོད་ཀྱིས་ཕལ་ཆེར་ཐེ་ཝན་བཅིངས་འགྲོལ་གཏོང་ཐུབ་ཀྱི་མེད་པ་འདྲ་ཞིག་རྣམ་དོག་གི་སྐད་ཆ་ཞིག་རང་བཞིན་དུ་ཤོར་བས།  ང་ཕོད་ཀྱི་རྣམ་དོགས་དེ་ད་བར་བདེན་གཏམ་དུ་གྱུར།

བྱང་ཀོ་རོ་ཡའི་ཕྱོགས་ནས་ཀྱང་བྱང་རྒྱ་ནག་གཞུང་ལ་ཡང་ནས་ཡང་དུ་འབྲེལ་གཏུགས་ཀྱིས་དམག་རོགས་གཏོང་དགོས་པའི་རེ་སྐུལ་ཐེངས་མང་ཞུས་པ་དང།   ར་ཤེ་ཡའི་ཕྱོགས་ནས་ཀྱང་རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱེད་དགོས་པའི་རེ་སྐུལ་པ་བཅས་ཀྱིས་མཐར་མའོ་ཙེ་ཏུང་གིས་ཨ་འགོག་ཁྲའོ་རོགས་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཞེས་པའི་འབོད་ཚིག་གི་འོག་ནས་བྱང་ཀོ་རི་ཡར་དམག་རོགས་གཏོང་རྒྱུའི་ཇུས་ཐག་བཅད་པ་དང་ཕྱོགས་མཚུངས།   ཟླ་ ༩ ཚེས་ ༣༠  ཉིན་སྲིད་བློན་ཀྲའུ་ཨེན་ལའེ་ཡིས།   རྒྱ་ནག་མི་མང་ནི་ཞི་བདེར་དགའ་ཞེན་བྱེད་མཁན་ཞིག་ཡིན་ནའང།  ཞི་བདེར་སྲུང་སྐྱོབ་ཀྱི་ཆེད་བཙན་འཛུལ་གྱི་དམག་འཁྲུག་ལ་ཕར་རྒོལ་བྱ་རྒྱུར་ནམ་ཡང་མི་སྐྲག་ལ་ཇི་སྲིད་བར་དུ་མི་སྐྲག  རྒྱ་ནག་མི་མང་གིས་ཕྱིའི་བཙན་འཛུལ་ལ་གཏན་ནས་བཟོད་སྲན་བྱེད་མི་ཐུབ་ལ།  བཙན་རྒྱལ་རིང་ལུགས་པས་རང་གར་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་དུ་བཙན་འཇུག་བྱེད་དུ་འཇུག་རྒྱུ་ཡང་གཏན་ནས་མིན་ཞེས་ཐ་ཚིག་བསྒྲགས་ཡོད།   ཟླ་  ༡༠  ཚེས་  ༨  ཉིན་ཨ་རིའི་དམག་དམག་དཔུང་གིས་གསུམ་བརྒྱད་ས་ཐིག་ལས་གྲོལ་བར་བརྟེན།   མའོ་ཙེ་ཏུང་གིས་བྱང་ཤར་མཐའ་སྲུང་དམག་དེ་ཀྲུང་གོ་མི་མང་དང་བླང་དམག་དུ་བཅོས་སྒྲིག་བྱས་པ་དང།  ཧྤང་ཏཱ་ཧྭ་ཀྲུང་གོ་མི་མང་དང་བླང་དམག་གི་དམག་སྤྱི་དང་ཆབ་སྲིད་ཨུ་ཡོན་གཅིག་ལྕོག་ཏུ་བསྐོ་བཞག་ཏེ་དཔུང་འཇུག་བྱ་རྒྱུར་བཀའ་སྒུག་ཏུ་བཅུག

 

                  གསུམ་པ།     ལྷོ་བྱང་གཉིས་དངོས་སུ་དམག་འཁྲུག་གི་མེ་ལྕེའི་ནང་ལྷུངས་པ།

མཐར་ལྷོ་བྱང་ཀོ་རི་གཉིས་དངོས་སུ་དམག་འཁྲུག་ལངས་པ་དང།ཨ་རིས་ལྷོ་ཀོ་རི་ཡའི་རྒྱབ་ལ་ལངས་པ་དང།རྒྱ་ནག་གི་བྱང་ཀོ་རི་ཡའི་རྒྱབ་ལ་ལངས་ཏེ།ལོ་ངོ་སྟོང་གི་རིང་རིགས་རུས་གཅིག་དང་།མི་རིགས་གཅིག་་རྒྱལ་ཁབ་གཅིག་ཡིན་པའི་ལྷོ་བྱང་ཀོ་རི་ཡ་དེ་དམག་འཁྲུག་གི་ནང་དུ་ཚུད་པ་དང༌།  སྤྱི་ལོ་  ༡༩༥༠  ཟླ་  ༡༠  ཚེས་  ༡༩  ཉིན་མཚན་མོའི་མུན་ནག་གི་འགེབས་སྲུང་འོག་ཀྲུང་གོ་མི་མང་དང་བླང་དམག་ཅེས་པ་ཡ་ལུའུ་ཅང་ཞེས་པའི་གཙང་པོ་བརྒལ་ཏེ་གསང་བའི་ཐོག་ནས་ཀོ་རི་ཡའི་དམག་འཁྲུག་ནང་དངོས་སུ་བཞུགས།  ཟླ་  ༡༠ ཚེས་ ༢༥ ཉིན་རྒྱ་དམག་དང་བྱང་ཀོ་རི་ཡའི་དམག་དཔུང་གིས་མཉམ་འབྲེལ་ཐོག་ལྷོ་ཀོ་རི་ཡ་དང་ཨ་རིའི་དམག་དཔུང་ལ་དམག་འཐབ་ཐེངས་དང་པོ་དེ་བྱས་ཤིང།  ཨ་རིའི་ཕྱོགས་ནས་མདུན་ནས་རྟ་དམག་རུ་ཁག་བེད་སྤྱད་དེ་འཐབ་རུ་བཟུང་བ་དང།  རྒྱབ་ཕྱོགས་ནས་མེ་སྒྱོགས་དམག་གིས་རམ་འདེགས་དང་འགོག་སྲུང་བྱེད་པའི་འཐབ་ཇུས་ཀྱི་བཀོད་ཡོད་ཡོད་པ་མ་ཟད།  ཨ་རིའི་དམག་གི་སྤྱི་ཁྱབ་བཀོད་འདོམས་པས་དུས་ཚོད་འཐུང་ངུའི་ནང་དུ་བྱང་ཀོ་རི་ཕྱོགས་ཡོངས་ནས་དབང་དུ་བསྡུས་ཏེ།  ལྷོ་བྱང་ཀོ་རི་ཡའི་གནད་དོན་དེ་དབུག་ཐེངས་གཅིག་ལ་ཐག་གཅོད་བྱ་རྒྱུ་དང།  དེ་ཡང་ལོ་དེའི་ཟླ་  ༡༢  ཚེས་  ༢༥  ཉིན་སྟེ་ཡེ་ཤུའི་འཁྲུངས་སྐར་གྱི་སྔོན་དུ་དམག་འཇུག་བསྒྲིུལ་བའི་མ་འོངས་དཔག་གི་འཆར་འགོད་བྱས་ཡོད།

ཡིན་ནའང།   མཚན་མོའི་མུན་ནག་གི་འགེབས་སྲུང་འོག་རྒྱ་ནག་གི་ཕྱོགས་ནས་བྱང་ཀོ་རི་ཡར་དམག་རོགས་མངགས་གཏོང་བྱས་ཏེ་དམག་འཐབ་ནང་དངོས་སུ་བཞུགས་པར་བརྟེན།  ཨ་རིའི་ཕྱོགས་ནས་ཧ་སངས་པ་དང་།དུས་ཚོད་རྒས་བཅད་ཀྱི་ནང་བྱ་ཀོ་རི་ཡ་ཚུར་ལེན་བྱ་རྒྱུའི་མ་འོངས་སྔོན་དཔག་གི་འཆར་གཞིའི་གོ་རིམ་ཡོད་ཚད་འཁྲུགས་པ་མ་ཟད།  མའོ་ཙེ་ཏུང་དང་ཧྤང་ཏཱ་ཧྭ་ཡི་དགྲ་བསླུས་དཀྱིལ་འཁྲིད་ཀྱི་ཐབས་བྱུས་བེད་སྤྱད་པའི་དབང་གིས་ཤར་ཕྱོགས་ནས་བྱང་ཕྱོགས་སུ་མྱུར་སྐྱོབ་བྱེད་པར་ཡོང་བའི་ཨ་རི་དང་ལྷོ་ཀོ་རི་ཡའི་དམག་དཔུང་ལ་ཤུགས་དྲག་ཆེ་བའི་འགོག་རྒོལ་བྱས་པ་བརྒྱུད་ཟླ་  ༡༡ ཚེས་ ༥ དམག་འཐབ་དང་པོ་དེ་མཇུག་བསྒྲིལ།  ཟླ་ ༡༡ པའི་ཟླ་སྨད་དུ་དམག་འཐབ་གཉིས་པའི་འགོ་ཚུགས་པ་དང།  རྒྱ་དམག་དང་བྱང་ཀོ་རི་ཡའི་དམག་དཔུང་གིས་བྱང་ཀོ་རི་ཡའི་བྱང་ཕྱོགས་སུ་ཡོད་པའི་ཨ་རི་དང་ལྷོ་ཀོ་རི་ཡའི་དམག་དཔུང་ལ་ཕྱི་ཚུལ་ནས་འགོག་རྒོལ་བྱེད་ཁུལ་གྱིས་བསླུ་ཁྲིད་བྱས་ཏེ།  དོན་དངོས་ཐོག་ཁོ་ཚོའི་སྐམ་དམག་གི་ཐོག་ནས་ཕར་རྒོལ་ཤུགས་ཆེན་བྱས་པར་བརྟེན།  ཨ་རི་དང་ལྷོ་ཀོ་རི་ཡའི་དམག་དཔུང་ཤི་བ་དང།  རྨས་པ།བཟུང་བ་བཅས་ཁྱོན་བསྡོམས་  ༣༦༠༠༠  ལྷག་ཙམ་ཟིན་གྱིཡོད་པས་དམག་འཐབ་གཉིས་པ་མཇུག་བསྒྲིལ།  ཨ་ལྷོའི་དམག་དཔུང་གིས་དབུག་ཐེངས་གཅིག་ལ་བྱང་ཀོ་རི་ཡ་ཚུར་ལེན་བྱ་རྒྱུའི་དམིགས་ཡུལ་ལམ་ལྷོངས་མ་བྱུང་བའི་ཁར།  དངོས་གཞིའི་དམག་འཁྲུག་ནང་རྡུག་རྡེགས་དྲག་པོ་ཕོག་ནས་ཕམ་ཉེས་བྱུུང་བར་བརྟེན།  དབྱིན་ཇི་དང་ཧྤ་རན་སོགས་ཀྱིས་ཕན་ཚུན་གྲོས་མོལ་བྱས་ཏེ་དམག་མཚམས་འཇོག་དགོས་པའི་རེ་འདུན་བཅངས།

ཀོ་རི་ཡའི་དམག་འཁྲུག་ནང་ཚེ་སྲོག་ཤོར་བའི་དམག་མི།

དེ་རྗེས་མུ་མཐུད་ནས་དམག་འཐབ་དྲག་པོ་གཅིག་མཇུག་གཉིས་མཐུད་ངང་ཟླ་ངོ་གཉིས་ལ་ཉེ་བའི་དམག་འཐབ་བྱས་པ་རྒྱུད།  རྒྱ་བྱང་དམག་དཔུང་གིས་ཨ་ལྷོའི་དམག་དཔུང་  ༨༢༠༠༠  ལྷག་ཙམ་ཚར་གཅོད་བྱས་པ་དང།  རྒྱ་དམག་གཅིག་པུས་ཨ་ལྷོའི་དམག་མི་  ༦༧༠༠༠  ལྷག་ཙམ་ཚར་གཅོད་བྱས་ཤིང།   ཨ་ལྷོའི་དམག་མིས་རྒྱ་དམག་  ༧༥༠༠༠  ལྷག་ཙམ་ཚར་གཅོད་བྱས།  སྤྱི་ལོ་ ༡༩༥༡ ཟླ་ ༢  ཟླ་སྨད་དུ་ཧྤང་ཏཱ་ཧྭ་པེ་ཅིང་དུ་ཆེད་བསྐྱོད་ཀྱིས་མའོ་ཙེ་ཏུང་སར་དམག་འཁྲུག་གི་གནས་ཚུལ་སྙན་གསེང་ཞུས།  ཧྤང་ཏཱ་ཧྭ་ཡིས་དམག་འཁྲུག་ནང་འཕྲད་བཞིན་པའི་གཙོ་གནད་ཀྱི་གནས་ཚུལ་དང་དཀའ་ངལ་སྣ་ཚོགས་སྙན་གསེང་ཞུས་པར་།  མའོ་ཙེ་ཏུང་གིས་རྒྱུན་སྲིང་དམག་འཁྲུག་གི་གྲ་སྒྲིག་བྱེད་དགོས་པ་དང།   གང་ལ་གང་འཚམ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པའི་འདོད་ཚུལ་བཅངས།  མ་ཟད་མའོ་ཡིས་ཟླ་  ༣  ཚེས་པའི་ཚེས་ ༡  ཉིན་ར་ཤེ་ཡར་སི་ཏཱ་ལིན་ལ་གློག་འཕྲིན་བཏང་ནས་ཀོ་རི་ཡའིི་དམག་འཁྲུག་རྒྱུན་སྲིང་ཅན་དུ་འགྱུར་སྲིད་པས།  རང་དམག་གིས་ངེས་པར་དུ་ཡུན་རིང་དམག་འཐབ་རྒྱག་པའི་གྲ་སྒྲིག་དགོས་པ་དང།  ལོ་ངོ་འགའ་ཤས་ཀྱི་དུས་ཚོད་ནང་ཨ་རིའི་དམག་མི་འབུམ་ཕྲག་འགའ་ཤས་ཚར་གཅོད་བྱས་ཏེ་མཐར་ཕྱིར་འཐེན་མི་བྱེད་ཀ་མེད་བཟོས་ན་གཞི་ནས་དམག་འཁྲུག་གི་རྒྱལ་ཁ་རང་ཕྱོགས་ལ་ལེན་ཐུབ་ཅེས་བརྗོད།

སྤྱི་ལོ་  ༡༩༥༡  ལོའི་ཟླ་དང་པོའི་ཟླ་སྨད་དུ་ཨ་ལྷོའི་དམག་དཔུང་གིས་གནམ་གྲུ་དང།  ལྕགས་འཁྲབ་འཁོར་ལོ།མེ་སྒྱོག་སོགས་ཀྱི་རྒྱབ་གནོན་ཤུགས་ཆེན་ཡོད་པའི་ཁར།  དམག་ཤུགས་  ༢༣༠༠༠༠  ལྷག་ཙམ་གཅིག་བསྡུས་བྱས་ཏེ་ཞེང་ཚད་ལ་སྤྱི་ལེ་  ༢༠༠  ལྷག་ཙམ་ཡོད་པའི་འཐབ་ཕྱོགས་ནས་རྒྱ་བྱང་དམག་དཔུང་ལ་ཕར་རྒོལ་བྱས་པ་དང།  རྒྱ་བྱང་དམག་དཔུང་གིས་བརྟན་སྲུང་འགོག་རྒོལ་དང།  གཡུལ་འགྱེད་ཐོག་ནས་ཕར་རྒོལ།འགུལ་བསྐྱོད་འགོག་རྒོལ་སོགས་ཐབ་རྩལ་སྣ་ཚོགས་བེད་སྤྱད་དེ་ཨ་བྱང་དམག་དཔུང་ལ་ཤི་རྨས་འབོར་ཆེན་ཐེབས་སུ་བཅུག་པ་དང།   ཟླ་བ་བཞི་པའི་ཟླ་མཇུག་ལ་སླེབས་པའི་སྐབས་གཞི་ཁྱོན་ཆེ་བ་དང་།  ངལ་དུབ་ཆེ་བ།  དུས་ཡུན་རིང་བའི་དམག་འཐབ་དེའི་ནང་ཨ་ལྷོའི་དམག་མི་  ༧༨༠༠༠  ལྷག་ཙམ་ཚར་གཅོད་བྱས་པ་དང།  རྒྱ་དམག་ ༤༢༠༠༠  ལྷག་ཙམ་ཤི་རྨས་བྱུང་ཡོད།  སྤྱི་ལོ་  ༡༩༥༡  ཟླ་  ༦  ཚེས་༦  ཚེས་  ༢༥  ཉིན་ར་ཤེ་ཡ་ཕྱོགས་ནས་མཉམ་འབྲེལ་རྒྱལ་ཚོགས་གསར་འགྱུར་ཁང་དུ་གཏམ་བཤད་སྤེལ་སྐབས།  ཀོ་རི་ཡའི་དམག་འཁྲུག་ཐག་གཅོད་བྱེད་པའི་གོ་རིམ་དང་པོ་ནི་།  དམག་འཁྲུག་རྒྱག་མཁན་ཕྱོགས་གཉིས་ཀས་དམག་འཁྲུག་མཚམས་འཇོག་བྱེད་པའི་གྲོས་མོལ་བྱེད་དགོས་པ་དང།  དམག་དཔུང་གསུམ་བརྒྱད་ས་ཐིག་ནས་པྱིར་འཐེན་བྱེད་དགོས་པའི་ནན་བརྗོད་བྱས་པར།ཕྱོགས་ཁག་ནས་ཀྱང་རེ་ཤེ་ཡའི་འདོད་ཚུལ་ལྟར་དམག་འཁྲུག་མཚམས་འཇོག་བྱེད་པའི་དུས་རིམ་ལ་སླེབས་།

བཞི་པ།   དམག་མཚམས་འཇོག་རྒྱུ་མངོན་དུ་གྱུར།

དེ་ལྟར་ཨ་མི་རི་ཁས་ཟླ་གཉིས་ལྷག་ཙམ་ཀྱི་ནང་དབུག་ཐེངས་གཅིག་ལ་བྱང་ཀོ་རི་ཡའི་དམར་ཤོག་སྲིད་དབང་རྩ་མེད་བཟོས་ཏེ་ལྷོ་བྱང་ཀོ་རི་ཡ་དེ་གཅིག་གྱུར་བཟོ་རྒྱུའི་འཆར་འགོད་བཏིང་ཡོད་ཀྱང།དེ་ལྟར་ལམ་ལྷོངས་མ་བྱུང་བར་འཆར་གཞི་མཐའ་དག་ཕམ་ཉེས་ཕྱིན་པ་དང།།   ལོ་ངོ་གསུམ་ལ་ཉེ་བའི་དམག་འཁྲུག་གི་དུ་བ་ཞག་ཁྲོད་ཕྱོགས་ཚང་མར་གྱོང་གུན་དང་ཤི་རྨས་ཚབས་ཆེན་ཐེབས་སུ་བཅུག་ཡོད།  སྤྱི་ལོ་༡༩༥༠  ཟླ་  ༦  ཚེས་  ༢༥  ནས་སྤྱི་ལོ་  ༡༩༥༣  ཟླ་  ༧  ཚེས་  ༢༧  བར་ཨ་རིའི་དམག་མི་ཁྲི་  ༣༩  ལྷག་ཙམ་ཤི་རྨས་བྱུང་བ་དང་།  རྒྱ་དམག་ཁྲི་  ༣༦  ལྷག་ཙམ་ཤི་རྨས་བྱུང་ཡོད།  སྐབས་དེའི་རྒྱ་ནག་གི་དང་བླང་དམག་གི་དམག་སྤྱིདང་ཆབ་སྲིད་ཨུ་ཡོན་གཅིག་ལྕོག་ཡིན་པའི་ཧྥང་ཏཱ་ཧྭ་ཡི་ཀོ་རི་ཡི་དམག་འཁྲུག་གི་སྙན་ཞུའི་ནང་འདི་ལྟར་འཁོད་པ་ཡོད་པ་སྟེ།  ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཨང་དང་པོའི་དམག་དཔུང་ལེགས་ཤོས་དང་།  རྡུལ་ཕྲན་མཚོན་ཆ་ཕུད་པའི་དེང་རབས་ཅན་གྱི་གོ་མཚོན་ཡོད་ཚད་བཀོལ་སྤྱོད་བྱས་ཡོད་ཀྱང།  མཐའ་མ་དམག་འཁྲུག་དེ་ཐོག་མའི་འགོ་བརྩམས་ས་སྟེ་གསུམ་བརྒྱད་ས་ཐིག་བར་རང་འཇག་མཐར་བསྐྲོད་བཏང་ཡོད།  དོན་དངོས་འདི་ཡིས་ཨ་རི་བཙན་རྒྱལ་རིང་ལུགས་རྩ་མེད་བཟོ་མི་ཐུབ་པའི་ལྷ་སྒྲུང་གི་མཐིལ་རྟོལ་ཡོད་ཅིང།  ཨ་མི་རི་ཁར་ཡང་བསླབ་བྱ་ནན་པོ་ཐོག་ཡོད།དེས་རྩོད་ཐབས་བྲལ་བའི་ར་སྤྲོད་འདི་འདྲ་ཞིག་བྱས་པ་སྟེ།  ནུབ་ཕྱོགས་བཙན་འཛུལ་པས་ལོ་བརྒྱ་ཕྲག་གི་རིང་ཤར་ཕྱོགས་ཀྱི་མཚོ་འགྲམ་དུ་སྒྱོག་ཆེན་འགའ་བཞག་རྗེས་རྒྱལ་ཁབ་ཅིག་བཙན་བཟུང་ཐུབ་པའི་དུས་རབས་དེ་ཡོལ་ནས་སླར་ཡོང་མི་སྲིད་ཅེས་བརྗོད་ཡོད།

Leave a Reply

Your email address will not be published. Required fields are marked *