སུམ་བཅུ་ཟུང་གི་པར་རིས་འགྲེམས་སྟོན།

      October 1, 2017:35 AM

སྤྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡ ཉིན་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་སྤྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ དང་ཟླ་༡༠ ཚེས ༡ ཉིན་ཁག་སོ་སོར་ལྷ་སའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་དང་སེ་ར་དགོན་པའི་དགེ་འདུན་པ་ཚོས་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་ཞི་རྒོལ་འཐབ་རྩོད་གནང་ནས་མི་ལོ་ཧྲིལ་པོ་སུམ་ཅུ་འཁོར་བའི་སྐབས་དེའི་ལས་འགུལ་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ཞིག་བཞུགས་སྒར་དཔའ་བོའི་དྲན་གསོའི་རྡོ་རིང་མཐུན་དུ་གཤམས་སྟོན་བྱས་ཡོད་།  མ་ཟད་ཟླ་ ༩ ཚེས་ ༢༡ ཉིན་ནས་བཟུང་ཉིན་གྲངས་བཅུ་ཙམ་གྱི་རིང་འདི་ག་ཚོགས་པའི་དྲ་གནས་དང་ངོ་དེབ་སོགས་རྒྱུད་ནས་སྐབས་དེའི་ལས་འགུལ་དང་མི་སྣ་སྒེར་སོ་སོའི་ལོ་རྒྱུས་དང་པར་རིས་སོགས་ཉིན་ལྟར་ཁྱབ་བསྒྲགས་བྱེད་མུས་ཡིན། དེ་རིང་ཞོགས་པའི་ཕྱག་ཚོད་དགུ་དང་ཕྱེད་ཀའི་ཐོག་འགོ་འཛུགས་བྱས་ཡོད་པདང།འདི་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲིས་ནས་བོདཡིག་གི་བསྒྲགས་གཏམ་སྒྲོག་སྦྱང་དང་།དབྱིན་དྲུང་ཕུན་ཚོགས་བཀྲིས་ནས་དབྱིན་ཡིག་གི་བསྒྲགས་གཏམ་སྒྲོག་སྦྱང་བྱས་ཡོད།

བསྒྲགས་གཏམ་གྱི་ནང་།དེ་རིང་གི་ཉི་མོ་འདི་ནི་སྤྱི་ལོ་༡༩༨༧ལོའི་ཟླ་༩ཚེས་༢༧ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཉེར་གཅིག་དང།ཟླ་བ་༡༠ཚེས་༡ཉིན་སེ་ར་དགོན་པའི་དགེ་འདུན་པས་སྣེ་ཁྲིད་འོག་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་ཞི་རྒོལ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ནས་མི་ལོ་ཧྲིལ་པོ་སུམ་བཅུ་འཁོར་བའི་དམིགས་བསལ་གྱི་དུས་དྲན་ཞིག་རེད།དེ་ཡང་སྤྱི་ལོ་༡༩༨༧ལོའི་ཟླ་༩ཚེས་༢༡ཉིན་༸གོང་ས་མཆོག་ནས་ཨ་རིའི་གྲོས་ཚོགས་ཐོག་བོད་དོན་ཐག་གཅོད་ཀྱི་ཞི་བའི་གྲོས་འཆར་དོན་ལྔ་འདོན་གནང་མཛད་དེ་རྒྱ་བོད་གཉིས་ཕན་གྱི་གུ་ཡངས་ཀྱི་བཞེངས་ཕྱོགས་དེར་རྒྱ་ནག་གཞུང་གིས་ཡང་དག་པའི་བརྡ་ལན་སྤྲོད་རྒྱུའི་ཚབ་ལ།དེ་ལས་ལྡོག་ཏེ་བོད་ལྗོངས་ཉིན་རེའི་ཚགས་པར་དང་ལྷ་སའི་རླུང་འཕྲིན་ལས་ཁུངས་སོགས་རྒྱུད་ནས་༸གོང་ས་མཆོག་གི་གྲོས་འཆར་དེ་ནི་ནུས་མེད་ཡིན་པ་དང།བོད་མི་དམངས་ཀྱིས་ངོས་ལེན་མེད་པ།བོད་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ཅེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད།

ཡང་སྙིང་སྐབས་དེའི་བོད་ནང་གི་གནས་སྟངས་དང་བོད་མི་དམངས་ཀྱི་བསམ་བློ་ལྟ་ཚུལ་ཇི་འདྲ་ཡིན་པ་བཅས་དངོས་ཡོད་གནས་ཚུལ་ལ་ལན་འདེབས་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་དང།བོད་དོན་འཐབ་རྩོད་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད་སྟབས།སྤྱི་ལོ་༡༩༨༧ལོའི་ཟླ་༩ཚེས་༢༡ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་དང།ཟླ་༡༠ཚེས་༡ཉིན་སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་པའི་དུས་ཆེན་གྱི་ཉིན་མོ་དང་སྟབས་སྟུན་ནས་སེ་ར་དགོན་པའི་དགེ་འདུན་པ་ཚོས་སྣེ་ཁྲིད་བྱས་ཏེ།༸གོང་ས་མཆོག་ནས་འདོན་གནང་མཛད་པའི་ཞི་བའི་གྲོས་འཆར་དོན་ཚན་ལྔ་ལ་ཡོངས་སུ་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་པ་མ་ཟད།ད་དུང་ཁོང་རྣམས་ཀྱིས་དེ་ལས་ཀྱང་ཚད་མཐོ་བ་སྟེ་བོད་མི་ཚོར་ལོ་རྒྱུས་ཐོག་ནས་ཡོད་པའི་ཐོབ་ཐང་སྟེ།བོད་རང་བཙན་ཡིན།རྒྱ་མི་བོད་ནས་ཕྱིར་འབུད་བྱེད་དགོས།༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་འབོད་ཚིག་སྒྲིག་བཞིན་རྔམ་བརྗིད་ལྡན་པའི་ལས་འགུལ་སྤེལ་ཡོད།ཁོ་ཚོས་འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་ཡོད་ཀྱང།རྒྱ་ནག་གཞུང་གིས་ཕྲལ་དུ་མཚོན་ཆ་འཁྱེར་བའི་ཉེན་རྟོགས་པ་བཏང་ནས་དྲག་གནོན་བྱས་ཏེ།སེ་རའི་གྲྭ་འཇམ་དཔལ་བློ་བཟང་དང།སེ་རའི་གྲྭ་ཟླ་བ།སེ་རའི་གྲྭ་བློ་བཟང་ལྷུན་གྲུབ།སེ་རའི་གྲྭ་བློ་བཟང་ལེགས་ལྡན།འབྲས་གྲྭ་བློ་བཟང་བསྟན་འཛིན།གནས་ཆུང་བ་དཀར་ཚལ།ལྷ་ས་བ་བུ་ཆུང།བར་སྐོར་ནང་གནས་སྡོད་བློ་ཆོས།གཙུག་ལག་ཁང་གི་གྲྭ་དོན་ཡོད།བོད་མི་ཉེན་རྟོག་པ་དབང་འདུས།རིང་འཛིན་དབང་རྒྱལ་བཅས་མི་བཅུ་གཅིག་འདས་གྲོངས་སོང་བ་དང།མི་གྲངས་༧༥འཛིན་བཟུང་བྱས་ཡོད

 

དུས་དེ་ནས་བཟུང་བོད་མིའི་རང་དབང་འཐབ་རྩོད་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་ལ་འགོ་འཛུགས་བྱས་ཡོད།  སྐབས་དེར་རྒྱ་ནག་གཞུང་གིས་བསྒྱུར་བཅོས་སྒོ་དབྱེ་ཟེར་བའི་དཔལ་འབྱོར་གྱི་ཐོག་ནས་ཅུང་ཟད་གུ་ཡངས་ཀྱི་སྲིད་ཇུས་ཞིག་ལག་ལེན་བྱེད་བཞིན་པའི་གནས་སྟངས་འོག་བོད་ནང་དུའང་དེ་སྔ་དང་མི་འདྲ་བར་ཕྱི་རྒྱལ་ཡུལ་སྐོར་བ་འགྲོ་ཆོག་གིི་ཡོད་པར་བརྟེན།  སྐབས་དེར་ལྷ་སར་བྱུང་བའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་དང།  རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་དངོས་ཡོད་ཀྱི་གནས་ཚུལ་མིག་མཐོང་ལག་ཟིན་བྱུང་བ་མ་ཟད།ཕྱི་རྒྱལ་བ་དེ་ཚོས་ས་གནས་ས་ཐོག་གི་གནས་ཚུལ་པར་ལེན་ཐུབ་པར་བརྟེན།བོད་དོན་འཐབ་རྩོད་ཀྱི་དྲང་བདེན་རང་བཞིན་དང།  དངོས་ཡོད་རང་བཞིན། འཚེ་བ་མེད་པའི་རང་བཞིན་གྱི་དོན་དངོས་གནས་སྟངས་དེ་དག་རིམ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་དང་དོ་སྣང་བྱེད་འགོ་ཚུགས་ཡོད་ལ། བོད་ཀྱི་མི་རབས་གསར་པའི་ནང་དུའང་མི་རིགས་ཀྱི་ལས་དབང་ལ་བསམ་གཞིགས་བྱེད་པའི་དུས་རིམ་གསར་པ་ཞིག་འགོ་འཛུགས་ཐུབ་པ་བྱུང་ཡོད།

དེ་ནས་བཟུང་རྒྱལ་ས་ལྷ་སའི་གཞུང་ལམ་དང་ལས་ཁུངས། སློབ་གྲྭ་སོགས་ཀྱི་རྩིག་རྒྱང་ཐོག་མངོན་གསལ་དོད་པོས་བོད་རང་བཙན་གྱི་སྦྱར་ཡིག་སོགས་གང་སར་མཐོང་རྒྱུ་ཡོད་ལ།  ཐ་ན་བོད་ཀྱི་གཞི་རིམ་གྱི་གྲོང་གསེབ་དང་ཕྱུག་རྫི་ལུག་རྫིསོགས་ཀྱིས་ཀྱང་མི་རིགས་ཀྱི་ལས་དབང་ལ་བསམ་གཞིགས་བྱེད་པའི་དུས་ཚོད་ཅིག་ཤར་བ་རེད།  དེར་བརྟེན།  གཞི་ཁྱོན་ཆེ་བའི་ལས་འགུལ་དེ་གཉིས་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག་ནས་བཤད་ན།   ཆབ་སྲིད་ཀྱི་དོན་སྙིང་དང་འཐབ་རྩོད་ཀྱི་དོན་སྙིང་ཆེན་པོ་ཡོད་པའི་ལས་འགུལ་ཞིག་ཆགས་ཡོད་ལ།དུས་མཚུངས་མཚུངས་སུ་བོད་ཀྱི་མི་རབས་རྙིང་པས་ཇི་ལྟར་འཐབ་རྩོད་བྱས་པའི་སྙིང་སྟོབས་དེ་དག་མི་རབས་གསར་པས་མུ་མཐུད་ནས་རྒྱུན་འཛིིན་དང་མཐའ་འཁྱོངས་བྱེད་ཀྱི་ཡོད་པའི་བདེན་དཔང་ཡང་བྱས་ཡོད།

Leave a Reply

Your email address will not be published. Required fields are marked *